འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་7ཉིན།

༄༅།།བོད་ལྗོངས་ལྷ་སའི“ལྷོ་རི་བྱང་རི”སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་07ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། “རི་བོ་སྔོ་ཐིང་ངེར་འགྱུར”ལྷ་སའི་མི་སེར་རྣམས་ལ་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་ཕྱིན་པའི་སྐོར་འདྲི་སྐབས། “རི་བོ་སྔོ་ཐིང་ངེར་འགྱུར་འདུག”ཅེས་པའི་སྐད་ཆ་དེ་ཐོག་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མཚོན་གྱི་ཡོད།
    ལྷ་ས་ནི་ལུང་གཞུང་ཁུལ་དུ་གནས་པ་དང་། སྐྱིད་ཆུ་དེ་གར་ཤང་ཤང་དུ་རྒྱུག་ཅིང་། ངོགས་གཉིས་ནི་མུ་ལ་མུ་འབྲེལ་གྱི་ལྷོ་རི་དང་བྱང་རི་རེད། ཕོ་བྲང་པོ་ཏ་ལའི་ཁ་སྤྲོད་ཀྱི་ལྷོ་ཕྱོགས་སུ་སྔོ་ལྗང་གིས་བརྒྱན་པའི་ལྷོ་རི་དང་གྲོང་ཁུལ་དབར་གཙང་པོ་གཅིག་གིས་ཆོད་པ་དང་། སྡོང་ཕྲན་སྣ་ཚོགས་སྔོ་ཐིང་ཐིང་དུ་གྱུར་པ་དང་། སྔོ་ལྗང་གིས་བསྐོར་བའི་བགྲོད་ལམ་སྟེང་གྲོང་མི་དང་ཡུལ་སྐོར་བ་འཆམ་འཆམ་ལ་སྐྱོད་བཞིན་རང་བྱུང་གི་མཛེས་པ་ཉམས་སུ་མྱོང་བཞིན་མཆིས།
    བསམ་ཚོད་ལས་འདས་པ་ཞིག་ལ། ལོ་10ལྷག་ཙམ་གྱི་སྔོན་ལ་འདི་གར་བྲག་རྡོ་རྐྱང་རེད།
    རྩྭ་ས་ཞན་འགྱུར་དང་ས་ཞིང་བྱེ་འགྱུར་ལ་བཀག་འགོག་བྱས་ནས་གྲོང་མིའི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་ཆེད། 2012ལོར་ལྷ་ས་གྲོང་ཁྱེར་གྱིས་ལྷོ་རིར་སྔོ་འགྱུར་ལས་གྲྭ་སྤེལ་འགོ་ཚུགས་པ་དང་། ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད། ལོ་5ཡི་ནང་སྔོན་ཆད་ཀྱི་རི་རྒོད་དུ་ལྷ་སའི་ལྷོ་རིའི་སྤྱི་གླིང་བསྐྲུན་ཡོད། 2021ལོ་ནས་བཟུང་། བོད་ཀྱིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་པ་དང་ལོ་10ཡི་ནང་ནགས་བཟོ་མུའུ་ཁྲི་206.72བྱས་ཏེ། ལྷ་ས་འདི་ཉིད་ལྷོ་རི་བྱང་རི་སྔོ་ལྗང་གིས་བརྒྱན་པ་དང་། དྭངས་གཙང་ཆུ་མོས་གནའ་གྲོང་སྐོར་བའི་སྐྱེ་ཁམས་གནས་འཕྲོད་ཀྱི་ས་མཐོའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་ཡོད།
    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཤེལ་དཀར་རི་ནི་སྔོན་ཆད་རི་རྒོད་ཅིག་ཡིན་པས་ནོར་ལུག་ཀྱང་དེ་གར་འཚོ་ས་མེད། ས་གནས་དེ་གའི་གྲོང་མིས་ལོ་10ལྷག་ཙམ་རིང་ཉིན་གཅིག་ལྟར་རྒྱུན་འཁྱོངས་ལྷོད་མེད་ངང་ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད། ད་ཆ་དཔྱིད་དྲོད་སླེབས་ནས་མེ་ཏོག་བཞད་པའི་དུས་སུ་རི་རྒོད་སྔོ་ལྗང་གིས་བརྒྱན་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་མཆིས།
    ཤེལ་དཀར་རི་ཧ་ཅང་གཟར་པོ་ཡོད་པས་མི་ཐབས་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་པར་དུས་ཡུན་ཧ་ཅང་རིང་པོ་འགོར་གྱི་ཡོད། དེར་བརྟེན་ས་གནས་དེ་གའི་གྲོང་མིས་འབྲེང་ཟམ་བསྐྲུན་པ་རེད།
    “དང་ཐོག་མི་རི་རྩེར་འཛེགས་པར་ཆུ་ཚོད་8ཙམ་འགོར་གྱི་ཡོད། རྗེས་སུ་རྟ་དྲེལ་གྱིས་སྐྱེལ་འདྲེན་བྱས་པར་ཡང་ཕར་འགྲོ་ཚུར་འོང་བྱེད་ཐེངས་གཅིག་ལ་ཆུ་ཚོད་ཁ་ཤས་འགོར་གྱི་ཡོད། ད་ཆ་འབྲེང་ཟམ་ཡོད་པས་སྡོང་ཕྲུག་རྐང་20སྐྱེལ་འདྲེན་བྱེད་པར་སྐར་མ་10ལྷག་ཙམ་ལས་འགོར་གྱི་མེད་སྟབས་དུས་ཚོད་གྲོན་ཆུང་ཐུབ་པ་མ་ཟད། སྟབས་ཡང་ཧ་ཅང་བདེ་རུ་ཕྱིན་ཡོད”ཅེས་གདོང་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་རིག་འཛིན་གྱིས་བརྗོད་པ་དང་། ཁོང་གིས་དང་ཐོག་སྡོང་ཕྲུག་ཕྲག་པར་འཁུར་ནས་རི་རྒོད་སྟེང་དབོར་བ་ནས་ད་ཆ་ལྗོན་ཤིང་མུའུ་2000ལྷག་ཙམ་བཏབ་པའི་བར་ཁོང་གིས་དེའི་འགྱུར་ལྡོག་དངོས་སུ་ཚོར་ནས་དེ་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་རེད་ཅེས་བརྗོད།
    ཤེལ་དཀར་རི་ནི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་མཚོན་ཚུལ་ཞིག་ཡིན་ཞིང་། བོད་ཀྱི་ལུང་གཞུང་ཁུལ་གྱི་གཞི་ཁྱོན་ཅན་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཉམས་གསོའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཐོག་མ་ཡིན་པའི་ངོས་ནས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་པ་དེས་ཆུ་རྩ་གསོ་འཁྱོངས་དང་། ས་ཆུ་སྲུང་འཛིན། མཁའ་རླུང་གཙང་བཟོ་སོགས་ཀྱི་ཐད་སྐྱེ་ཁམས་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད་ལ། མང་ཚོགས་ལ་སྐྱེ་ཁམས་ལེགས་སུ་ཕྱིན་པ་ལས་བྱུང་བའི་གནས་འཕྲོད་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
    ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཧྲང་ཏེ་ཡིས། ལྷ་སའི་ལྷོ་རི་བྱང་རིའི་ནགས་ཚལ་གསོན་ཚད་མཐོ་པོ་ཡོད་པ་དེ་ནི་ཚན་རྩལ་གསར་གཏོད་དང་ཁ་འབྲལ་ཐབས་མེད། སྔོ་ཁེབས་འདེམས་རྒྱུའི་ཐད་རྒྱང་ཚོར་ལག་རྩལ་སྤྱད་དེ་ས་གནས་དེ་གའི་གནམ་གཤིས་དང་ས་རྒྱུ་སོགས་རང་བྱུང་ཆ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། ཚན་ཞིབ་ཚོགས་པས་ལྷ་སའི་ལྷོ་རི་བྱང་རིར་འཚམ་པའི་ཤིང་རིགས་དང་རྩྭ་རིགས་གདམ་གསེས་བྱས་པ་མ་ཟད། ད་དུང་རིག་ནུས་ཆུ་གྲོན་ཆུང་གི་ཆུ་འདྲེན་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་བརྒྱུད་ཆུ་འདྲེན་དྲགས་པ་ལས་ས་རྒྱུའི་གྲུབ་ཆར་གཏོར་སྐྱོན་ཕོག་པའི་གནས་ཚུལ་བཀག་འགོག་ནུས་ལྡན་ཐུབ་ཡོད།
    མེ་ཏོག་དང་། རྩྭ་རྩི་ཤིང་བཏབ་པ་ལས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་། ཡུལ་མིའི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་ཡོད། གྲངས་གཞི་ལས་མངོན་པར། 2022ལོ་ནས་2023ལོ་བར་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནང་ཁྱོན་ནགས་བཟོ་མུའུ་ཁྲི་39.14བྱས་པ་དང་ནགས་ཚལ་གསོན་ཚད་85%ཡན་ཟིན་པ། མ་དངུལ་སྒོར་དུང་ཕྱུར་30ལྷག་ཙམ་བཏང་བ། ཞིང་འབྲོག་མང་ཚོགས་ལ་ཁྲིད་སྟོན་གྱིས་ནགས་བཟོ་སྔོ་འགྱུར་དང་སྡོང་ཕྲུག་ཕྱིར་ཚོང་སོགས་ཀྱི་ནང་ཞུགས་པར་ཡོང་འབབ་སྒོར་དུང་ཕྱུར་16ལྷག་ཙམ་བྱུང་བ། སྤྱི་ཚོགས་ཀྱི་མ་རྩ་སྒོར་དུང་ཕྱུར་20ཙམ་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་གཏོང་བར་སྐུལ་འདེད་བཏང་ཡོད།
    སྔོ་འགྱུར་ལས་གྲྭ་དེ་ད་དུང་ལྷ་ས་གོང་དཀར་གནམ་ཐང་མཐའ་འཁོར་གྱི་རི་ཁུལ་དུ་སྣུར་བསྲིངས་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་ནགས་རྩྭ་ཅུས་ནགས་ལས་དང་རྩྭ་ཐང་གནོད་ལྡན་སྐྱེ་དངོས་འགོག་བཅོས་ས་ཚིགས་ཀྱི་ནད་ཡམས་བརྟག་ཞིབ་པ་ཚེ་རིང་ནོར་བུས་ནགས་བཟོ་བྱ་ཡུལ་དུ་སྡོང་ཕྲུག་ལ་བསྐྱར་བཤེར་བྱེད་བཞིན་ཡོད་པ་དང་། བསྐྱར་བཤེར་བྱས་འབྲས་ལས་མངོན་པ་ལྟར་ན། སྡོང་ཕྲུག་གསོན་ཚད་92%ཟིན་ཡོད་པ་རེད། “འདི་ནི་གོང་དཀར་གནམ་ཐང་ནས་ཐོན་སའི་ས་ཚིགས་དང་པོ་དེ་རེད། ཡུལ་སྐོར་བ་ཚོས་ང་ཚོས་བཏབ་པའི་སྔོ་ལྗང་ལྗོན་ཤིང་འདི་ནས་ཐད་ཀར་མཐོང་ཐུབ་པས་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་ཚེ་རིང་ནོར་བུས་བརྗོད།