འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་5ཉིན།

༄༅།།རྒྱལ་ཡོངས་ཀྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་བྱེད་པོ་ཁྲི་12ཡན་ཟིན་པ།

རྒྱལ་ཕྱིའི་མཛོད་ཁང་2500ལྷག་ཙམ་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་05ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཚོང་དོན་པུས《རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་རྒྱ་ཆེར་བཏང་ནས་རྒྱལ་ཕྱིའི་མཛོད་ཁང་སྐྲུན་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གང་མགྱོགས་འདོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། འདས་ཟིན་པའི་ལོ་5ཡི་ནང་། རང་རྒྱལ་གྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཉོ་ཚོང་གཞི་ཁྱོན་ལྡབ་10ལྷག་ཙམ་འཕར་བ་དང་། 2024ལོའི་དུས་ཚིགས་དང་པོར་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་5776ཟིན་ནས་9.6%འཕར་བའི་ནང་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་4480ཟིན་ནས་14%འཕར་ཡོད་པ་རེད། ས་གནས་ཁག་གིས་བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། རྒྱལ་ཡོངས་ཀྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་བྱེད་པོ་ཁྲི་12ཡན་ཟིན་པ་དང་། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཐོན་ལས་གླིང་1000ཡན་ཟིན་པ། རྒྱལ་ཕྱིའི་མཛོད་ཁང་2500ཡན་ཟིན་པ། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3000ཡན་ཟིན་པ་བཅས་ཡིན་ཞིང་། དེའི་ནང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ལ་ཞབས་འདེགས་ཞུ་བར་གཞོལ་བའི་རྒྱལ་ཕྱིའི་མཛོད་ཁང་1800ཡན་དང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2200ཡན་ཟིན་ཡོད་པ་རེད།
   རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ནི་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་སྐྱེ་ལྡན་སྟོབས་ཤུགས་ཤིག་ཡིན་ལ་རྒྱལ་སྤྱིའི་ཚོང་དོན་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་དང་རྒྱལ་ཕྱིའི་མཛོད་ཁང་སོགས་ཕྱི་ཕྱོགས་ཚོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་གསར་པ་མཐུན་སྦྱོར་མཉམ་འགུལ་བྱས་ནས་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་པ་དང་། འཕར་བའི་གཏིང་ཤུགས་ཆེ་བ། སྐུལ་ཁྲིད་ནུས་པ་ཆེ་བ་བཅས་བྱུང་ཡོད། ཚོང་དོན་པུས་གོམ་སྟབས་རྗེས་མར་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཁག་དང་མཉམ་དུ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དང་། ཐོན་ལས་འཕེལ་རྒྱས་ལ་ནུས་པ་ཐོན་པར་བྱས་ཏེ་རང་རྒྱལ་གྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་165ལ་བརྟེན་ནས་ས་གནས་ཁག་གི་ཐོན་ལས་ཀྱི་རང་སྤུས་དང་ས་ཁོངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་ཐོན་ལས་དར་ཁུལ་གྱི་ཁེ་ལས་དེ་བས་མང་བ་ཞིག་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་སྤྱད་དེ་རྒྱལ་སྤྱིའི་ཚོང་དོན་ལ་ཞུགས་རྒྱུར་སྐུལ་ཁྲིད་བྱ་རྒྱུ། བྱེད་པོ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱིས་འཁོར་འབྲེལ་བྱེད་པོའི་ཁེ་ལས་སྐྱེད་སྲིང་ཧུར་ཐག་བྱེད་པར་མཛུབ་ཁྲིད་བྱས་ཏེ། སྟོད་སྨད་རྒྱུད་ཀྱི་ཁེ་ལས་འབྲིང་ཆུང་གྲངས་འཛིན་ཅན་གྱི་སྒྱུར་བཀོད་ལ་ཁྲིད་སྟོན་བྱ་རྒྱུ། ཕྱི་ཕྱོགས་ཉོ་ཚོང་གི་ལས་རྣམ་གསར་པའི་ཆེད་དོན་གསོ་སྦྱོང་བྱས་ནས་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྤེལ་རེས་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་ལས་ཡུལ་དངོས་ཀྱི་ཚོགས་འདུ་འཚོགས་ནས་དཔེ་མཚོན་དངོས་དཔེ་དང་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ། ལས་རིགས་ཀྱི་རང་འདོམས་ཆུ་ཚད་མཐོ་རུ་བཏང་ནས་གོ་རིམ་ལྡན་པའི་འགྲན་རྩོད་ལ་ཁྲིད་སྟོན་བྱ་རྒྱུ། ཁོར་ཡུག་བཟང་པོ་བསྐྲུན་ནས་རྒྱལ་སྤྱིའི་ཕྱོགས་མང་དང་ཕྱོགས་གཉིས་པོའི་མཉམ་ལས་ནང་ཧུར་ཐག་ཞུགས་ཏེ་རང་མོས་ཚོང་དོན་གྱི་གྲོས་མཐུན་གྲོས་མོལ་དང་། མཉམ་འབྲེལ་ཨུ་ལྷན་དང་མཉམ་བསྲེས་ཨུ་ལྷན་སོགས་ལས་ཀའི་ལམ་སྲོལ་རྣམ་གྲངས་འོག རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་གྲོས་དོན་ནང་ཞུགས་རྒྱུ། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་དང་། ལས་རིགས། ཁེ་ལས་བཅས་ཀྱིས་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཧུར་ཐག་བྱེད་པར་རྒྱབ་སྐྱོར་བཅས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།