༄༅།།ཆུང་དུས་བ་དམ་ཟོས་ན་ནད་འདི་སྔོན་འགོག་ཐུབ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་04ཉིན། 14:06】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཕྲུ་གུ་དམར་འབྱར་གྱི་དུས་ནས་ལོ་5བར་དུ། ཚན་རིག་དང་མཐུན་པའི་སྒོ་ནས་བ་དམ་ཟ་རུ་བཅུག་ན། གཞོན་ནུའི་དུས་སུ་བ་དམ་ཚོར་ཐལ་འབྱུང་ཚད71%ཇེ་དམའ་རུ་གཏོང་ཐུབ། དབྱིན་ཇིའི་ལོན་ཏོན་རྒྱལ་པོའི་སློབ་གླིང་གིས《དབྱིན་ཀེ་ལན་གསར་བའི་གསོ་རིག་དུས་དེབ·དཔང་རྟགས》ཐོག་བཀོད་པའི་གསར་རྟོགས་གསར་པ་དེས་དཔང་རྟགས་ཤིག་མཁོ་འདོན་བྱས་ནས། སྔ་དུས་ཕྲུ་གུ་དམར་འབྱར་གྱི་ཟས་ཀྱི་ནང་དུ་བ་དམ་བསྣན་ན་དུས་ཡུན་རིང་པོར་བ་དམ་ཚོར་ཐལ་སྔོན་འགོག་བྱེད་ཐུབ་པར་ར་སྤྲོད་བྱས་ཡོད།
མེ་གླིང་བྱང་མ་དང་། དབྱིན་ཇི། ཡོ་རོབ་ནུབ་མ། ཨོ་སི་ཁྲུ་ལི་ཡ་བཅས་ཀྱི་བྱིས་པའི་ཁྲོད་བ་དམ་ལ་ཚོར་ཐལ་འབྱུང་མཁན་གྱིས་2%ཙམ་ཟིན་ཡོད། མི་ཁ་ཤས་ལ་མཚོན་ན། བ་དམ་ཉུང་ཤས་ཤིག་ཡིན་ནའང་ཚེ་སྲོག་ལ་ཉེན་ཁ་བཟོ་བའི་ཚོར་ཐལ་གྱི་འགྱུར་འབྱུང་ཐོན་སྲིད།
ཞིབ་འཇུག་མི་སྣས་བསྟན་དོན། ལོ་བཅུ་ཕྲག་ཁ་ཤས་རིང་ཁྱིམ་བདག་ཚོས་ཕྲུ་གུ་ཆུང་དུས་ནས་བ་དམ་ཐུག་ཏུ་འཇུག་མི་ཕོད་མོད། འོན་ཀྱང་། དཔང་རྟགས་ཤིག་ལས་ཕྲུ་གུ་དམར་འབྱར་གྱི་དུས་ནས་བ་དམ་ཟོས་ན་ཡུན་རིང་བཟོད་ཐུབ་རང་བཞིན་ཆགས་ཐུབ་པ་མ་ཟད། ལང་ཚོའི་དུས་སུ་ཕྲུ་གུ་ཚོར་ཚོར་ཐལ་མི་ཡོང་བའི་སྲུང་སྐྱོབ་ཀྱང་བྱེད་ཐུབ། སྟབས་བདེའི་ཐེ་གཏོགས་བྱེད་ཐབས་དེས་མི་རབས་རྗེས་མར་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་རྒྱུ་མ་ཟད། བ་དམ་ཚོར་ཐལ་ཚད་ཆེས་ཆེར་ཆག་རྒྱུ་རེད།
ཞིབ་འཇུག་གསར་པ་འདི་སྔ་དུས་ཀྱི་བ་དམ་ཚོར་ཐལ་ནད་ཐོག་ཚོད་ལྟའི་མཇུག་འབྲས་རྨང་གཞིར་བྱས།
ཚོད་ལྟ་ཐེངས་དང་པོའི་ནང་ཞུགས་མཁན་ཕྱེད་ཀ་ལ་ཕྲུ་གུ་དམར་འབྱར་ནས་ལོ་5བར། དུས་བཀག་ལྟར་བ་དམ་ཟ་དགོས་པའི་བླང་བྱ་བཏོན་པ་དང་། ཕྱེད་ཀ་ལ་དེའི་རིང་བ་དམ་མི་ཟ་བའི་བླང་བྱ་བཏོན་ཡོད། ཞིབ་འཇུག་མི་སྣས་ཤེས་རྟོགས་བྱུང་བར་གཞིགས་ན། སྔ་དུས་བ་དམ་ཟོས་ན་ལོ་5ལ་སླེབས་དུས་བ་དམ་ཚོར་ཐལ་གྱི་ཉེན་ཁ་81%ཆུང་དུ་གྱུར་ཡོད།
