འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་29ཉིན།

༄༅།།ཙུང་ལི་ལི་ཆང་གིས་འདི་ལ་མིང་རྟགས་བཀོད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་29ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་ནས།《གཞུང་ཁོངས་ཁེ་ལས་དོ་དམ་མི་སྣར་ཆད་པ་གཅོད་པའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ།)ཡོངས་བསྒྲགས་བྱས་ནས། 2024ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད། 《སྲོལ་ཡིག》ནང་ཁྱོན་བསྡོམས་ལེའུ་7དང་དོན་ཚན་52ཡོད་པ་དང་། གཙོ་བོ་གཤམ་གསལ་གྱི་ནང་དོན་གཏན་འབེབས་བྱས་ཡོད། 
     གཅིག་ནི་ཆད་པ་གཅོད་པའི་ལས་དོན་གྱི་རྩ་དོན་ཁ་གསལ་བཟོས། གཞུང་ཁོངས་ཁེ་ལས་དོ་དམ་མི་སྣར་ཆད་པ་གཅོད་པའི་ལས་ཀར་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། གཞུང་ཁོངས་ཁེ་ལས་དོ་དམ་མི་སྣར་ཆད་པ་གཅོད་པར་དྲང་གཞག་དང་དྲང་སྙོམས་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་དགོས་པ་དང་། གུ་ཡངས་དང་ནན་མོ་ཟུང་འབྲེལ་དང་ཆད་གཅོད་བསླབ་འདོམས་དང་སློབ་གསོ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་གི་རྩ་དོན་རྒྱུན་འཁྱོངས་དང་། དོན་དངོས་གཞི་འཛིན་སར་བྱེད་པ་དང་བཅའ་ཁྲིམས་གཞིར་བཟུང་སྟེ། ཁྲིམས་ལྟར་གཞུང་ཁོངས་ཁེ་ལས་དོ་དམ་མི་སྣ་དང་དེ་བཞིན་འབྲེལ་ཡོད་མི་སྣའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། 
     གཉིས་ནི་སྤྱད་འཐུས་བྱ་ཡུལ་གྱི་ཁྱབ་ཁོངས་ཁ་གསལ་བཟོས། ལྟ་ཞིབ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག་སྤྱད་ནསགཞུང་ཁོངས་ཁེ་ལས་དོ་དམ་མི་སྣའི་དབྱེ་མཚམས་གཏན་འཁེལ་བྱེད་དགོས། གཞུང་ཁོངས་ཁེ་ལས་དོ་དམ་མི་སྣ་བསྐོ་འཐེན་བྱེད་པའི་ལས་ཁུངས་དང་སྡེ་ཚན་གྱིས་ལས་བྱེད་པའི་དོ་དམ་དབང་ཆའི་ཚད་བཀག་ལྟར་ཁྲིམས་འགལ་གྱི་གཞུང་ཁོངས་ཁེ་ལས་དོ་དམ་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད། རྒྱལ་ཁབ་ཀྱིས་ཁྲིམས་འགལ་གྱི་དངུལ་རྩ་དང་རིག་གནས་ཀྱི་གཞུང་ཁོངས་ཁེ་ལས་དོ་དམ་མི་སྣའི་འགན་འཁྲི་བདའ་འདེད་བྱེད་པའི་གཏན་འབེབས་ལོགས་སུ་བྱས་ཡོད་ན་དུས་མཚུངས་སུ་སྤྱད་འཐུས། 
     གསུམ་ནི་ཆད་པ་གཅོད་པའི་རིགས་སྣ་དང་དེའི་སྤྱད་འཐུས་ཚད་ལྡན་དུ་བཏང་། གཞུང་ཞབས་པའི་སྲིད་དོན་ཆད་པ་གཅོད་པའི་བཅའ་ཁྲིམས་དང་འབྲེལ་མཐུད་གཅིག་གྱུར་ཡོང་བའི་རྨང་གཞིའི་ཐོག གཞུང་ཁོངས་ཁེ་ལས་དོ་དམ་མི་སྣར་ཆད་པ་གཅོད་པའི་རིགས་དང་དུས་ཡུན་སྔར་ལས་ཁ་གསལ་བཟོ་དགོས། དོ་དམ་ནན་མོ་དང་བརྩེ་སེམས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “གསུམ་པོ་དབྱེ་བ་བཀར་ནས”འབྲེལ་ཡོད་བླང་བྱ་དེ་ཆད་པ་ཡང་དུ་གཏོང་བའམ་ཡང་ན། ཆད་པ་ཉུང་དུ་གཏོང་བའི་གནས་ཚུལ་དུ་བསྒྱུར་དགོས། 
     བཞི་ནི་གཞུང་ཁོངས་ཁེ་ལས་དོ་དམ་མི་སྣའི་ཁྲིམས་འགལ་བྱ་སྤྱོད་ཞིབ་ཚགས་སུ་བཏང་། གཞུང་ཁོངས་ཁེ་ལས་གཉེར་སྐྱོང་དོ་དམ་བྱེད་སྐབས་ཐོན་སླ་ཞིང་བྱུང་མང་བའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་དམིགས་ཏེ། གཞུང་ཞབས་པའི་སྲིད་དོན་ཆད་པ་གཅོད་པའི་བཅའ་ཁྲིམས་ཀྱི་ལེའུ་གསུམ་པར་གཏན་འབེབས་བྱས་པའི་འབྲེལ་ཡོད་ཁྲིམས་འགལ་བྱ་སྤྱོད་དེ་ཁྲིམས་འགལ་གྱི་གནས་ཚུལ་ཁག་51ལ་ཞིབ་ཕྲ་ཅན་དུ་བསྒྱུར་བ་མ་ཟད། དེ་མཚུངས་ཀྱི་ཆད་པ་ཁ་གསལ་བཟོས་ཡོད། 
     ལྔ་ནི་གཞུང་ཁོངས་ཁེ་ལས་དོ་དམ་མི་སྣར་ཆད་པ་གཅོད་པའི་ལས་ཀར་ལྟ་སྐུལ་ཚོད་འཛིན་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་། ཆད་པ་གཅོད་པའི་གོ་རིམ་དང་དེ་བཞིན་བསྐྱར་ཞིབ་ཞུ་འབུལ་དང་ཡོ་བསྲང་སོགས་ཀྱི་ལམ་ལུགས་ཚད་ལྡན་དུ་བཏང་ནས། འབྲེལ་ཡོད་མི་སྣའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། ཆད་པ་གཅོད་པའི་བྱེད་སྒོའི་ནང་གི་ཁྲིམས་འགལ་བྱ་སྤྱོད་ལ་བབ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་གཏན་འབེབས་བྱེད་དགོས།