༄༅།།ཀྲུང་གོ་དང་ཨ་རིས་རེས་སྐོར་གཉིས་པའི་མཚོ་དོན་སྐོར་གྱི་གྲོས་མོལ་བྱས།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་29ཉིན། 13:35】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་28ཉིན་ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་5ཚེས་24ཉིན། ཀྲུང་ཨའི་བར་མཚོ་དོན་སྐོར་གྱི་རེས་སྐོར་གཉིས་པའི་གྲོས་མོལ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་རེད། ཕྱི་འབྲེལ་པུའི་མཐའ་མཚམས་དང་རྒྱ་མཚོའི་ལས་དོན་སིའི་སི་ཀྲང་ཧུང་ལིའང་གིས་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་གོའི་ལས་དོན་མཐུན་སྦྱོར་བ་ཨེ་ཤ་ཡ་ཤར་མའི་ཅུས་ཀྱི་ལས་ཚབ་ཕྱག་རོགས་ལན་མོ་ཁེ་དང་མཉམ་དུ་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
ཕྱོགས་གཉིས་པོས་མཚོ་ཐོག་གི་གནས་བབ་དང་དེ་བཞིན་མཚོ་ཐོག་དང་འབྲེལ་བ་ཡོད་པའི་གནད་དོན་ལ་དམིགས་ནས་བསམ་འཆར་བརྗེ་རེས་བྱས་ཏེ་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས། གོ་འཛོལ་དང་བརྡར་ཤ་གཅོད་ནོར་མི་ཤོར་བ་དང་མཚོ་ཐོག་གི་ཉེན་ཁ་དོ་དམ་ཚོད་འཛིན་བྱ་རྒྱུའི་མོས་མཐུན་བྱས་པ་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་མཐའ་འཁོར་མཚོ་ཁོངས་ཀྱི་ཁེ་དབང་ལ་བཙན་གནོད་དང་འཁྲུག་རྐྱེན་སློང་བའི་བྱེད་སྤྱོད་ལ་ཀྲུང་གོ་ཕྱོགས་ཀྱིས་དོ་ཁུར་ནན་པོར་བྱེད་པ་དང་། ཨ་རི་ཕྱོགས་ལ་ཀྲུང་གོའི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་བརྩི་འཇོག་ཏན་ཏིག་བྱེད་པ་དང་། ཀྲུང་གོ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཚོ་ཐོག་རྩོད་གཞིར་ཐེ་ཇུས་མི་བྱེད་པ། ཤོག་ཁག་བཙུགས་ནས་“རྒྱ་མཚོར་བརྟེན་ནས་ཀྲུང་གོ་ཚོད་འཛིན་བྱེད་རིགས་”མི་བྱེད་པ། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་གཏོར་བཤིག་མི་གཏོང་བ་བཅས་ཀྱི་སྐུལ་མ་བཏང་བ་རེད།
ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་ཨའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན་ལ་ཕྱོགས་གཉིས་པོའི་མཚོ་ཐོག་དང་འབྲེལ་བ་ཡོད་པའི་སྐད་ཆ་ཤོད་རེས་ཀྱི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན་ཞེས་ནན་བཤད་བྱས་པ་དང་། “ཐའེ་ཝན་རང་བཙན་”ནི་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་འཇིགས་སྐུལ་ཆེ་ཤོས་ཤིག་ཡིན་པས། ཨ་རི་ཕྱོགས་ཀྱིས་“ཐའེ་ཝན་རང་བཙན་”གྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་དང་རྒྱ་ཡན་དུ་གཏོང་མཚམས་འཕྲལ་མར་བཞག་ནས། “ཐའེ་ཝན་རང་བཙན་”ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་དོན་ཐོག་ཏུ་འཁྱོལ་དགོས་པའི་ནན་བཤད་བྱས།
