༄༅།།ཐའེ་ཝན་ལ་གོ་མཚོན་འདྲེན་པའི་འབོད་སྐུལ་ཐད་ལ་ལན་བཏབས།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་28ཉིན། 12:40】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་5ཚེས་27ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། ཕེང་པོ་གསར་འགྱུར་ཁང་གི་གསར་འགོད་པས་དྲིས་དོན། ཨ་རིའི་གྲོས་མི་ཞིག་གིས་ཐའེ་ཝན་(ས་ཁུལ)གྱི་འགོག་སྲུང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཐའེ་ཝན་གླིང་ཕྲན་གྱི་ཉེ་འགྲམ་དུ་དམག་དོན་ནང་སྦྱོང་བྱེད་པའི་ཐད་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་མི་མའེ་ཁེ·མའེ་ཁོའར་གྱིས་འབྲེལ་ཡོད་ཕྱོགས་ཁག་ལ(ཐའེ་ཝན་ས་ཁུལ་དུ)གོ་མཚོན་སྐྱེལ་འདྲེན་མགྱོགས་སུ་བཏང་ནས་འཇིགས་ཟིལ་གྱི་དམིགས་ཡུལ་འགྲུབ་དགོས་པའི་རེ་འབོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་ཅི་ཞིག་འདེབས་རྩིས་ཡིན་ནམ།
མའོ་ཉིང་གིས་བསྟན་དོན། ཨ་རིའི་འབྲེལ་ཡོད་གྲོས་མིས་ཀྲུང་གོ་ཕྱོགས་ཀྱི་ངོ་རྒོལ་དྲག་པོ་ལ་མ་བལྟོས་པར་ཐའེ་ཝན་དུ་འཚམས་འདྲི་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལས་འགལ་ཡོད་ལ། ཨ་རིའི་སྲིད་གཞུང་གིས་ཐའེ་ཝན་དང་གཞུང་ཕྱོགས་མིན་པའི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུའི་ཆབ་སྲིད་ཀྱི་ཁས་ལེན་ལས་འགལ་བ་དང་།“ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྟོབས་ཤུགས་ལ་ནོར་འཁྲུལ་ཚབས་ཆེན་གྱི་བརྡ་རྟགས་ཀྱང་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཨ་རི་ཕྱོགས་ལ་འབྲེལ་གཏུག་ནན་པོ་བྱ་རྒྱུ་ཡིན།
མའོ་ཉིང་གིས་ནན་བཤད་བྱས་དོན། འཛམ་གླིང་དུ་ཀྲུང་གོ་གཅིག་ལས་མེད་ཅིང་ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་དང་ཐའེ་ཝན་གྱི་དམག་དོན་འབྲེལ་བ་དང་ཐའེ་ཝན་ལ་གོ་མཚོན་སྤྲོད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཨ་རིའི་འབྲེལ་ཡོད་གྲོས་མིར་“ཐའེ་ཝན་གྱི་མིང་བྱང”སྤྱོད་མཚམས་འཇོག་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་པ། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་སྟོབས་ཤུགས་ལ་རྒྱབ་སྐྱོར་དང་རྒྱ་ཡན་དུ་གཏོང་མཚམས་འཇོག་པ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་དང་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་གཏོང་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན།