འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་28ཉིན།

༄༅།།ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་
སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་28ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    སྒྱུར་བཅོས་སྒོ་དབྱེ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་པའི་ཐབས་མཆོག་གལ་ཆེན་ཞིག་རེད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རྒྱལ་ཕམ་ཐག་གཅོད་བྱེད་པའི་འགག་རྩའི་ཐབས་ཤེས་ཤིག་ཀྱང་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་འདིར་ངེས་པར་དུ་རང་རྟོགས་ངང་སྒྱུར་བཅོས་བྱ་རྒྱུ་དེ་མངོན་གསལ་དེ་བས་དོད་པའི་གནས་བབ་ཐོག་བཞག་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་དགོས།
   ཟླ་5ཚེས་23ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཚང་མའི་གཏམ་བཤད་གསན་རྗེས། ཁོང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་འཐབ་ཇུས་སྤྱི་ཡོངས་ལ་གཞིགས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བ་དང་། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་དེར་དམ་པོར་དམིགས་ཏེ་སྒྱུར་བཅོས་ཀྱི་གཙོ་གནད་མངོན་གསལ་དོད་པོ་དང་། རིན་ཐང་གི་ལྟ་བ་འཛིན་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ། བྱེད་སྟངས་དང་བྱ་ཐབས་ལ་མཐོང་ཆེན་བཅས་བྱས་ཏེ་ལྟེ་བའི་ལས་འགན་ལེགས་འགྲུབ་དང་འཐབ་ཇུས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་སྒུལ་ཤུགས་སྣོན་དགོས”ཞེས་གསལ་པོར་བསྟན་གནང་བ་རེད།
   སྒྱུར་བཅོས་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོར་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་བསམ་བློའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་སྒྲོལ་བ་དང་ཁེ་ཕན་སྲ་འགྱུར་གྱི་བཀག་རྒྱ་ལས་ཚད་བརྒལ་བྱས་ནས་ཕྱོགས་ཁག་གི་སྒྲིག་སྲོལ་ལམ་སྲོལ་གྱི་སྐྱོན་ཆ་བློ་ཐག་ཆོད་པོས་བསལ་ཏེ་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་བཏོད་ཡོད།
   ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཏིང་ནས་སྒྱུར་བཅོས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་ལེན་གྱི་རྒྱུན་མཐུད་ལེའུ་ཞིག་རེད་ལ། རྒྱང་ལམ་གསར་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་ཀྱང་རེད། སྒྱུར་བཅོས་སྒོ་དབྱེར་དུས་ད་ལྟ་བ་ལས་ནམ་ཡང་ཚར་དུས་མེད་པ་ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་ཀྱི་མདུན་དུ་ངེས་པར་དུ་མུ་མཐུད་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། རྒྱང་ལམ་གསར་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་སྒྱུར་བཅོས་མཐའ་འཁྱོལ་བྱེད་པའི་ཆོད་སེམས་བརྟན་པོ་དང་དངོས་འཛིན་བཙན་ཐབས་བྱས་ཏེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་འཕེལ་བ་བྱས་ཚེ། གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་ཞུམ་མེད་མདུན་སྐྱོད་བྱེད་ཐུབ།
    “དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བླང་བྱ་གསལ་པོ་བཏོན་གནང་བ་དེས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་དེར་དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ཚན་རིག་དང་མཐུན་པའི་བྱ་ཐབས་ཀྱི་ཁྲིད་སྟོན་གནང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་སྤྱིའི་དམིགས་ཚད་དེར་གཞིགས་ནས་རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། དེ་ཉིད་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་དེ་བས་ལེགས་པའི་སྒོ་ནས་འགྱུར་བ་བྱེད་དགོས། གནད་དོན་ལ་དམིགས་ནས་བསམ་གཞིགས་བྱེད་པ་དང་། གནད་དོན་ལ་དམིགས་ནས་དག་ཐེར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགོག་རྐྱེན་བཟོ་བའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་ལམ་སྲོལ་གྱི་སྐྱོན་ཆ་བློ་ཐག་ཆོད་པོས་སེལ་བ་དང་གཏིང་ཟབ་པའི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་དང་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ནུས་ཤུགས་ཡོད་རྒུས་བསལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་ཟམ་མི་ཆད་པར་སྣོན་པ་དང་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།
   སྔར་བྱུང་མྱོང་མེད་པའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ཇི་ཙམ་ཡིན་ན། དེ་ཙམ་གྱིས་ཉེན་ཁ་དང་འགྲན་སློང་ཆེ་བས་དེ་བས་དཀའ་སྤྱད་འབད་བརྩོན་བྱེད་དགོས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བརྩིས་ཏེ་ཁ་ཕྱོགས་ཡང་དག་དང་། གཞུང་འཁྱོངས་གསར་འབྱེད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཚེ་ང་ཚོས་སྒྱུར་བཅོས་སྒོ་དབྱེའི་ལེའུ་གསར་པ་རྩོམ་པ་དང་བྱ་གཞག་འཕེལ་རྒྱས་ཀྱི་འོད་སྟོང་གསར་པ་གཏོད་ཐུབ་ངེས་རེད།