༄༅།།ཞབས་ཞུའི་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་27ཉིན། 09:52】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཨོའུ་དབྱང་ཅེ། ལུའོ་ཧྲན་ཧྲན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “སྒྲིག་ལམ་དང་། སྒྲིག་སྲོལ། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་བཏང་སྟེ། རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་དང་མ་འཇོག་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་དགོས”ཞེས་ནན་བཤད་གནང་བ་དང་། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང“ཞབས་ཞུའི་ཚོང་དོན་དང་གྲངས་འཛིན་ཚོང་དོན་གསར་གཏོད་འཕེལ་རྒྱས་ཀྱི་སྲིད་ཇུས་འདོན་དགོས”ཞེས་བཏོན་ཡོད།
ཞབས་ཞུའི་ཚོང་དོན་ནི་རྒྱལ་སྤྱིའི་ཚོང་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཇི་ལྟར་བྱས་ཏེ་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་གྱི་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་བསྡུར་ནས་རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་སམ།
ཚད་གཞི་མཐོ་བའི་ཞབས་ཞུའི་ལས་རིགས་ཀྱི་སྒོ་དབྱེའི་ལམ་ལུགས་མ་ལག་འཛུགས་དགོས། ཟླ་3ཚེས་22ཉིན། ཚོང་དོན་པུས《རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་གྱི་དམིགས་བསལ་དོ་དམ་བྱ་ཐབས(བཀག་རྒྱའི་གསལ་ཐོ)》(2024ལོའི་པར་གཞི)དང《རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་གྱི་དམིགས་བསལ་དོ་དམ་བྱ་ཐབས(བཀག་རྒྱའི་གསལ་ཐོ)》(2024ལོའི་པར་གཞི)ཁྱབ་བསྒྲགས་བྱས་པ་རེད། “རྒྱལ་ཡོངས་ཀྱི་པར་གཞི་དང་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་པར་གཞིའི་རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་གྱི་བཀག་རྒྱའི་གསལ་ཐོ་ལག་བསྟར་བྱས་པ་དེ་ཐོག་ནས། རྒྱལ་ཡོངས་སུ་རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་གྱི་བཀག་རྒྱའི་གསལ་ཐོའི་དོ་དམ་བྱེད་སྟངས་ཐོག་མར་བཙུགས་ཏེ་རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་གྱི་སྐས་རིམ་སྒོ་དབྱེའི་མ་ལག་ཆགས་པ་མཚོན་ཡོད” ཚོང་དོན་པུའི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཚོང་དོན་པུས་སྡེ་ཚན་ཁག་དང་ས་གནས་ཁག་དང་མཉམ་དུ་ལག་བསྟར་ལས་དོན་ཏན་ཏིག་སྒྲུབ་པ་དང་། བཀག་རྒྱའི་གསལ་ཐོའི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འབྲེལ་ཡོད་ཁྱབ་ཁོངས་སུ་སྒོ་དབྱེའི་བྱེད་ཐབས་དོན་འཁྱོལ་བྱེད་པ། ལྟ་སྐུལ་དོ་དམ་དང་ཉེན་ཁ་སྔོན་འགོག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྒོ་དབྱེའི་ཆ་རྐྱེན་འོག་གི་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་བརྗོད།
ཚོད་ལྟའི་དཔེ་སྟོན་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། 2016ལོ་ནས་2023ལོའི་བར། ས་ཁུལ་28དུ་ཞབས་ཞུའི་ཚོང་དོན་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟ་རེས་སྐོར་གསུམ་སྤེལ་ནས་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་དང་འཚམ་པའི་སྒྲིག་སྲོལ་ལམ་སྲོལ་དང་། སྲིད་ཇུས་མ་ལག སྒོ་དབྱེའི་ཐབས་ལམ་བཅས་སྔོན་ལ་འཚོལ་ཞིབ་བྱས་ཏེ། རྒྱལ་ཡོངས་སུ་ཚོད་ལྟའི་ཉམས་མྱོང་དང་དཔེ་གཞི་ཁག་157ཁྱབ་གདལ་བཏང་ནས་རྒྱལ་ཡོངས་ཀྱི་ཞབས་ཞུའི་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག་2015ལོ་ནས་ད་བར་རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་ཀྱི་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཕྱོགས་བསྡུས་ཚོད་ལྟའི་དཔེ་སྟོན་གྲོང་ཁྱེར་11ཡོད་པ་དང་། ཤར་ལྷོ་ནུབ་བྱང་དང་དབུས་རྒྱུད་བཅས་ལ་ཁྱབ་པའི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒོ་དབྱེའི་བཀོད་པ་གཞི་རྩའི་ཐོག་ཆགས་ཏེ། ཚན་རྩལ་དང་། གློག་འཕྲིན། རིག་གནས་ཡུལ་སྐོར། དངུལ་རྩ་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་སྒོ་དབྱེར་རིམ་བཞིན་སྐུལ་འདེད་བཏང་ནས། གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་འཁོར་རྒྱུག་དཔལ་འབྱོར་སོགས་རྣམ་པ་གསར་པ་དང་ལས་རྣམ་གསར་པ་སྣ་ཚོགས་སྐྱེད་སྲིང་བྱས་ཡོད།
ཚོང་དོན་པུའི་ཕྱི་རྒྱལ་མ་དངུལ་འཇོག་པའི་དོ་དམ་སིའི་སི་ཀྲང་ཀྲུའུ་པིང་གིས། ཚོང་དོན་པུས་འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་དུ་ཚོད་ལྟའི་དཔེ་སྟོན་ཞིང་ཆེན་དང་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་གནད་སྨིན་འབྲེལ་མཐུད་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་པ་དང་། ཐོན་ལས་གསར་གཏོད་འཕེལ་རྒྱས་དང་མཚམས་སྒྲོལ་མཉམ་འདྲེས་སོགས་ཁྱད་པར་ཅན་གྱི་འཚོལ་ཞིབ་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་གྲུབ་འབྲས་མ་ལག་འདུས་གྲུབ་དང་ཁྱབ་གདལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཆུ་ཚད་མཐོ་བའི་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཉམས་མྱོང་གསོག་འཇོག་དང་ཐབས་ལམ་འཚོལ་ཞིབ་དེ་བས་ལེགས་པ་བྱ་རྒྱུ་ཡིན་ཞེས་བརྗོད།
“དངུལ་རྩའི་ལས་རིགས་ཀྱི་ཆུ་ཚད་མཐོ་བའི་སྒོ་དབྱེར་སྔར་བས་སྐུལ་འདེད་གཏོང་བར་ལམ་ལུགས་རྣམ་པའི་སྒོ་དབྱེ་གཙོ་གནད་དུ་བྱས་ནས་རང་རྒྱལ་གྱི་དངུལ་རྩའི་ཁྲོམ་ར་རྒྱལ་སྤྱི་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས” ཧྲང་ཧའེ་དངུལ་རྩ་དང་འཕེལ་རྒྱས་ཚོད་ལྟ་ཁང་གི་ཀྲུའུ་རེན་ཙེང་ཀང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱི་རྒྱལ་གྱི་མ་དངུལ་དེ་བས་མང་བ་རང་རྒྱལ་གྱི་མ་རྩའི་ཁྲོམ་རར་གཏོང་བར་ཡིད་དབང་འགུག་པ་དང་མ་འཇོག་བྱེད་པོ་སྣ་མང་ཅན་ལ་སྐུལ་འདེད་བཏང་ནས་ཁྲོམ་རའི་གསོན་ཤུགས་དང་མཉེན་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ནས་དངུལ་རྩའི་ཞབས་ཞུའི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། དེ་བས་སྣ་མང་ཅན་གྱི་དངུལ་རྩའི་སྒྲིག་གཞི་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱས་ཏེ། དངོས་ཚན་དཔལ་འབྱོར་གྱི་སྣ་མང་ཅན་གྱི་མ་དངུལ་འཇོག་པ་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས།
