འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་22ཉིན།

༄༅།།ཞི་ཅིན་ཕིང་གིས་དབྱི་རན་གྱི་ཙུང་ཐུང་ལའེ་ཤིས་ཐད་འཕུར་གནམ་གྲུའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་
བར་དབྱི་རན་གྱི་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧོ་པེར་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་22ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་རན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལའེ་ཤིས་ཐད་འཕུར་གནམ་གྲུའི་དོན་རྐྱེན་ནང་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བར་དབྱི་རན་གྱི་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧོ་པེར་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་མ་ཟད། ད་དུང་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧོ་པེར་དང་། ཙུང་ཐུང་ལའེ་ཤིས་ཀྱི་གཉེན་ཉེ། དེ་བཞིན་དབྱི་རན་སྲིད་གཞུང་དང་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་ཡང་གནང་ཡོད།
   ཞི་ཅིན་ཕིང་གིས། ཙུང་ཐུང་ལའེ་ཤིས་ནས་ཙུང་ཐུང་གི་འགན་བཞེས་ཚུན་དབྱི་རན་གྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། ཀྲུང་དབྱིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བར་འབད་བརྩོན་ལྷོད་མེད་ཀྱང་གནང་ཡོད། ཁོང་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་ནི་དབྱི་རན་མི་དམངས་ཀྱི་ངོས་ནས་བརྗོད་ན་གྱོང་གུན་ཚབས་ཆེན་ཞིག་རེད་ལ། ཀྲུང་གོ་མི་དམངས་ཀྱི་ངོས་ནས་བརྗོད་ནའང་གྲོགས་པོ་བཟང་པོ་ཞིག་མེད་པར་འགྱུར་བ་རེད། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་དབྱིའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་དབྱིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད།