འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་9ཉིན།

༄༅།།ཨ་རིས་ལག་ཁྱེར་འདི་ཕྱིར་འཐེན་བྱས་པའི་ཐད་ལན་བསློགས་པ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་09ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ཨ་རིའི་ཁེ་ལས་ཁག་གཅིག་གིས་ཀྲུང་གོའི་ཧྭ་ཝུའེ་ཀུང་སིར་ཉིང་ལྷེབ་ཕྱིར་གཏོང་བྱེད་པའི་ཆོག་འཐུས་ལག་ཁྱེར་མེད་པར་བཟོས་ཡོད་ཅེས་སྨྱན་སྦྱོར་ཁག་གཅིག་ཏུ་གནས་འཕྲིན་སྤེལ་བར་དམིགས་ཏེ། ཚེས་8ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ནས་འབྲེལ་ཡོད་སྨྱན་སྦྱོར་གྱི་གནས་འཕྲིན་ལ་དོ་སྣང་བྱུང་ཞེས་ལན་བཏབ། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཐ་སྙད་ཁྱབ་གདལ་དུ་བཏང་ནས། དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་པ་དང་ཕྱིར་གཏོང་དོ་དམ་གྱི་བྱེད་ཐབས་གང་བྱུང་དུ་སྤྱད་པ། ཆེད་མངགས་ཀྲུང་གོའི་ཁེ་ལས་ལ་དམིགས་ནས་གནས་ལུགས་མེད་པའི་བཀག་སྡོམ་དང་གནོན་ཤུགས་ཀྱི་བྱེད་ཐབས་ཡང་ཡང་སྤྱད་པ་དེར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 
     མགྲིན་ཚབ་པ་དེས་བཤད་དོན། ཨ་རི་ཕྱོགས་ཀྱིས་དམངས་སྤྱོད་འཛད་སྤྱོད་ཉིང་ལྷེབ་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་ཚོད་འཛིན་བྱེད་པ་དང་། དམིགས་བསལ་གྱི་ཀྲུང་གོའི་ཁེ་ལས་ལ་མཁོ་སྤྲོད་བྱེད་མཚམས་འཇོག་པ་དེ་ནི་དཔེ་མཚོན་གྱི་དཔལ་འབྱོར་བཙན་ཤེད་ཀྱི་བྱེད་སྟངས་ཤིག་ཡིན་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལས་འགལ་བ་མ་ཟད། ཨ་རིའི་ཁེ་ལས་ཀྱི་ཁེ་ཕན་ལའང་གནོད་འཚེ་ཚབས་ཆེན་བཏང་ཡོད། ཨ་རི་ཕྱོགས་ཀྱི་བྱེད་ལུགས་བྱེད་སྟངས་ནི་“ཀྲུང་གོ་དང་འབྲེལ་བ་མི་གཅོད་པ་”དང་། “ཀྲུང་གོའི་འཕེལ་རྒྱས་ལ་འགོག་རྐྱེན་མི་བཟོ་བ་”ཞེས་པའི་ཁས་ལེན་དང་ཚབས་ཆེན་འགལ་ཡོད་ལ། “རྒྱལ་ཁབ་ཀྱི་བདེ་འཇགས་ལ་དབྱེ་མཚམས་གསལ་པོ་འབྱེད་པའི་”ཤོད་སྟངས་དང་དེ་བས་ཀྱང་འགལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།