འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་9ཉིན།

༄༅།།ཀྲུང་ཧྥའི་འབྲེལ་བར་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

—— ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ལ་ཧྥ་རན་སེར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་09ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་5ཚེས་5ཉིན་ཕ་རི་སིར་ཕེབས་ནས་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་སྐབས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི《ཧྥེ་ཅ་ལུའོ་ཚགས་པར》ཐོག་འགོ་བརྗོད་དུ《ཀྲུང་ཧྥའི་དབར་གྱི་ཕྱི་འབྲེལ་སྙིང་སྟོབས་རྒྱུན་འཛིན་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་མཁན་ཧྥ་རན་སེའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་གིས་ཧྥ་རན་སེ་དང་ཧྥ་རན་སེའི་མི་དམངས་ལ་བཅངས་པའི་མཛའ་གྲོགས་བཟང་པོ་མཚོན་པ་མ་ཟད། ཕྱི་འབྲེལ་སྙིང་སྟོབས་རྒྱུན་འཛིན་དང་། དངོས་སྒྲུབ་མཉམ་ལས་ཟབ་གཏོང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་ཀྱི་བརྡ་རྟགས་ནུས་ལྡན་བརྒྱུད་སྤྲོད་བྱས་པས་ཧྥ་ཀྲུང་འབྲེལ་བར་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་མ་ཐེབས་རྒྱུ་མ་ཟད། རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་བདེ་སྐྱིད་སྐྲུན་ཐུབ་ངེས་རེད་ཅེས་བརྗོད།
     “ཧྥ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་བློ་སྒོ་ཕྱེ་བ” 
     ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་འདི་ལོ་ནི་ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ལོ་60ཡི་གོང་དམག་དཔོན་ཏེ་ཀའོ་ལེ་ཡིས་དུས་རབས་ཀྱི་འཐབ་ཇུས་ཀྱི་མིག་རྒྱང་རིང་བའི་ཐོག་ནས་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་རྒྱུའི་གཏན་འབེབས་བྱས་ཡོད། འཇམ་འཐབ་ཇེ་སྡུག་ཏུ་འགྲོ་བའི་རྒྱབ་ལྗོངས་འོག རང་བཙན་རང་བདག་གི་གཏན་འབེབས་བྱས་པ་དེ་ནི་ཧ་ཅང་ལས་སླ་པོ་ཞིག་མིན་ལ། དེ་ནི་ཡང་དག་པ་དང་མིག་རྒྱང་རིང་བ་ཞིག་ཡིན་པ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད། ཀྲུང་གོ་དང་ཧྥ་རན་སེ་དབར་ཕྱི་འབྲེལ་བཙུགས་པ་དེས་ཤར་ནུབ་ཕྱོགས་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་ཞིག་བསྐྲུན་ཡོད་ལ། རྒྱལ་སྤྱིའི་འབྲེལ་བ་གླེང་མོལ་མཉམ་ལས་ཀྱི་ཕྱོགས་སུ་འགྱུར་ལྡོག་འགྲོ་བར་སྐུལ་འདེད་ཐེབས་ཡོད་ཅེས་འཁོད་ཡོད།
     ཏེ་ཀའོ་ལེ་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་རེན་ཨན་ཐུའོ་དབན·པུའུ་ལུའུ་ཤིས་ཀྱིས། ཀྲུང་གོས་ཧྥ་རན་སེའི་དབར་གྱི་འབྲེལ་བའི་ལོ་རྒྱུས་ལ་མཐོང་ཆེན་བྱེད་པ་ནི་ཧ་ཅང་རྩ་ཆེན་ཞིག་ཡིན་པ་སྨོས་མེད་རེད། དམག་དཔོན་ཏེ་ཀའོ་ལེ་ཡིས་ཀྲུང་གོའི་ལོ་ངོ་སྟོང་ཕྲག་གི་ཤེས་དཔལ་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད།
     ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་། ལོ་150ལྷག་ཙམ་གྱི་གོང་དུ་ཧྥ་རན་སེའི་མི་སྣས་དེ་སྔ་ཀྲུང་གོའི་ཧྥུའུ་ཅན་གྲུ་སྲིད་དང་ཧྥུའུ་ཅན་གྲུ་སྲིད་སློབ་གྲྭའི་འཛུགས་སྐྲུན་ནང་ཞུགས་མྱོང་བའི་སྐོར་གླེང་ཡོད། དེ་སྔ་ཧྥུའུ་ཅན་གྲུ་སྲིད་ཀྱི་ལྟ་སྐུལ་པ་རྒན་པའི་འགན་འཁུར་མཁན་རི་དབྱི་ཀེ་ནི་ལོ་རྒྱུས་དེ་དཔང་པོ་བྱེད་མཁན་དང་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་མཁན་ཞིག་ཡིན། ཁོང་གི་རྗེས་རབས་པ་ཨར་ནུའོ·ཏེ·ཕ་ན་ཧྥེ་ཨེ(རྒྱ་མིང་ལ་ཕན་རན་ཧྥེ་ཟེར)ཡིས“ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་སྐབས་དེའི་ལོ་རྒྱུས་གླེང་གནང་བས་ང་ཚོའི་ཁྱིམ་རྒྱུད་ལ་གཟི་བརྗིད་ཀྱི་ཚོར་སྣང་ཟབ་མོ་བྱུང་། མི་དེ་བས་མང་བས་ལོ་རྒྱུས་དེ་ཤེས་པར་བྱས་ནས་ཧྥ་ཀྲུང་དབར་གྱི་མཛའ་གྲོགས་སྤེལ་རེས་རྒྱུན་མཐུད་ཐུབ་རྒྱུའི་རེ་བ་ཡོད”ཅེས་བརྗོད་ཡོད།
     ཧྥ་རན་སེའི་མཁས་དབང་གྲུ་སྲིད་རིག་གནས་ཞིབ་འཇུག་པ་ཝུའེ་ཡན་ཉན་གྱིས་རི་དབྱེ་ཀེ་དང་ཀྲུང་གོའི་གཏམ་རྒྱུད་ལས། ཧྥ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ལོ་རྒྱུས་ཡུན་རིང་ལྡན་པ་གང་ལེགས་མཚོན་ཡོད། “ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་ལོ་རྒྱུས་དེ་གླེང་གནང་བས་ང་ཧ་ཅང་དགའ་པོ་བྱུང་། དེས་ཧྥ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་བློ་སྒོ་འབྱེད་ཐུབ་རྒྱུ་རེད”ཅེས་བརྗོད།
     “ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཆོད་སེམས་མངོན་པ”
     ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ལོ་75ཡི་རིང་ཀྲུང་གོ་མི་དམངས་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། དབུལ་ཞིང་ཕོངས་པའི་ཀྲུང་གོ་འཛམ་གླིང་གི་དཔལ་འབྱོར་སྡེ་གཞི་ཆེ་གྲས་ཨང་གཉིས་པར་གྱུར་བ་དང་། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་ཁ་ཤས་ཚང་མ་དབུལ་སྒྲོལ་ཐུབ་ནས་མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། 2023ལོར་ཀྲུང་གོའི་དཔལ་འབྱོར་5.2%འཕར་བ་དང་2024ལོའི་དམིགས་ཚད་ནི་5%ཙམ་ཡིན་པ་མ་ཟད། འཕེལ་རྒྱས་ཀྱི་སྤུས་ཚད་དེ་བས་མཐོ་བ་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་མུ་མཐུད་སྒུལ་ཤུགས་བསྣན་ནས་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་སྤྲོད་རྒྱུ་ཡིན་ཞེས་གསུངས་ཡོད།
     ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ནི། གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། ང་ཚོས་སྤུས་ཚད་མཐོ་བའི་ཧྥ་རན་སེའི་ཞིང་ལས་ཐོན་རྫས་དང་བྱུག་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་བཏོན་ནས་ཀྲུང་གོ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་ཧྥ་རན་སེ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ལས་ཀྲུང་གོར་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། བཟོ་སྐྲུན་ལས་རིགས་ཀྱི་འཇུག་འཐུས་ཕྱོགས་ཡོངས་ནས་ལྷུག་ཏུ་བཏང་ཟིན་ལ། གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཀྱི་འཇུག་འཐུས་མགྱོགས་མྱུར་ལྷུག་ཏུ་གཏོང་རྒྱུ་ཡིན། ང་ཚོས་ད་དུང་ཧྥ་རན་སེ་སོགས་རྒྱལ་ཁབ་མང་པོའི་སྤྱི་དམངས་དཀྱུས་མར་ཉིན་15ཡི་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་པ་མ་ཟད། ཕྱི་རྒྱལ་བ་ཀྲུང་གོར་ཡུལ་སྐོར་དང་གཏོང་སྤྲོད་བྱེད་པར་སྟབས་བདེའི་བྱེད་ཐབས་གསར་པ་བཟོས་ཡོད་ཅེས་གསུངས་ཡོད།
     “དེ་ཐོག་ནས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཆོད་སེམས་མངོན་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་བརྟེན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་བསྣན་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་མཁོ་འདོན་ཡང་བྱས་ཡོད” ཀྲུང་གོ་དང་ཡོ་རོབ་རྒྱལ་སྤྱིའི་བཟོ་ཚོང་སློབ་གླིང་གི་སློབ་གྲོགས་ཚོགས་པའི་རྒྱལ་སྤྱི་ཡན་ལག་ཚོགས་པའི་ཀྲུའུ་ཞི་སའེ་ཏེ་ལི་ཁེ·ཏེ་ཧྥུའུ་ལུའོ་དབྱིས། དུས་སྐབས་ཤིག་རིང་ཧྥ་རན་སེའི་ཁེ་ལས་ཚུད་པའི་ཡོ་རོབ་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོས་ཕྱི་རྒྱལ་ཁེ་ལས་ཀྱིས་ཀྲུང་གོར་མ་འཇོག་བྱ་རྒྱུར་དགའ་བསུ་ཞུ་བ་དང་རྒྱལ་ཁབ་ཁག་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་ཤུགས་སྣོན་རྒྱག་བཞིན་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་བ་མ་ཟད། ཀྲུང་གོས་ད་དུང་ཧྥ་རན་སེ་སོགས་རྒྱལ་ཁབ་མང་པོའི་སྤྱི་དམངས་དཀྱུས་མར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་ཡང་བྱས་པས་ང་ཚོར་ཡང་ཕན་པ་ཐོབ་ཡོད་ཅེས་བརྗོད།
     “འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་བྱས་རྗེས་འཇོག་དགོས”
     ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་། ཀྲུང་གོ་ནི་ལྷག་བསམ་རྣམ་དག་ངང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ལག་ལེན་བསྟར་མཁན་ཞིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70ལྷག་ཙམ་སོང་རིང་། རྐང་བཙུགས་ནས་དམག་འཁྲུག་གཅིག་ཀྱང་སློང་མྱོང་མེད་ལ། རྒྱལ་ཁབ་གཞན་གྱི་ས་ཆ་སྦར་མཐིལ་ཙམ་ཡང་བཙན་བཟུང་བྱས་མྱོང་མེད། ཀྲུང་གོ་ནི་འཛམ་གླིང་ཐོག་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་མཐའ་གཅིག་ཏུ་བསྐྱོད་རྒྱུ་རྩ་ཁྲིམས་ནང་འགོད་མཁན་གྱི་རྒྱལ་ཁབ་འབའ་ཞིག་དེ་ཡིན་ལ། ཉིང་རྡུལ་རྒྱལ་ཁབ་ཆེན་པོའི་ཁྲོད་ཉིང་རྡུལ་མཚོན་ཆ་སྔོན་ལ་མི་སྤྱོད་པ་ཁས་ལེན་བྱེད་མཁན་རྒྱལ་ཁབ་འབའ་ཞིག་དེའང་ཡིན་ཞེས་གསུངས་ཡོད།
     ཧྥ་རན་སེའི་རྒྱལ་སྤྱིའི་འབྲེལ་བ་དང་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ལིན་ཁོ་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཧྥ་ཀྲུང་རྒྱལ་ཁབ་གཉིས་པོས་གླེང་མོལ་བྱེད་པ་དེ། ཡོ་རོབ་དང་ཀྲུང་གོའི་དབར་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད། ཧྥ་རན་སེ་དང་ཀྲུང་གོའི་མཉམ་ལས་དེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན། ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་ཞེས་བརྗོད།
     ཧྥ་རན་སེའི་ཨེ་ཤེ་ཡ་མཐུན་ཚོགས་ཀྱི་དྲུང་ཆེ་ཝ་ལའེ་ལི·ཐེ་ལཱ་ནུའོ་ཝས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་སྐབས་རྒྱལ་ཁབ་གཅིག་ཁོ་ནས་སྒྲུབ་ཐབས་མེད་པས། མཉམ་དུ་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཁ་གཏད་གཅོག་དགོས། ཧྥ་ཀྲུང་རྒྱལ་ཁབ་གཉིས་ནི་ཤེས་དཔལ་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། ནུས་རྒྱུ་གསར་པའི་ལག་རྩལ་གསར་སྤེལ་དང་སྤྱོད་པ། འཛམ་གླིང་ཞི་བདེ་བརྟན་ལྷིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་རྒྱལ་ཁབ་གཉིས་པོས་གླེང་མོལ་དང་མཉམ་ལས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད།
     ཧྥ་རན་སེའི་གནམ་གཤིས་གྲོས་མོལ་གཞུང་ཚབ་ཆེ་མོ་བ་ཟུར་པ་ཡོ་རོབ་གནམ་གཤིས་ཐེབས་རྩ་ལྷན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ལུའོ་ལང་སི·ཏི་པི་ཡ་ནཱས། ཧྥ་ཀྲུང་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》གྲུབ་ཡོད། རྒྱལ་ཁབ་གཉིས་པོས་མུ་མཐུད་མཉམ་ལས་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁྱབ་ཁོངས་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་རྒྱལ་ཁབ་དེ་བས་མང་བས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་དེ་བས་མང་བ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། “རྒྱལ་ཁབ་གཉིས་པོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཁྱབ་ཁོངས་ཐད་མཉམ་ལས་བྱས་ཏེ་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་པའི”ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
     (པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)