འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་9ཉིན།

༄༅།།ལོ་གཅིག་དུས་གཅིག་གི་གཙོད་གནས་སྤོ་ཆེན་པོ་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་09ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། གསར་འགོད་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོའི་གླིང་ཁུལ་ཁུ་ཁུ་ཤིས་རིའི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ཉེ་དུས“ས་མཐོའི་སྤྱང་གྲུང་ཅན”ཞེས་སུ་གྲགས་པའི་གཙོད་ལོ་གཅིག་དུས་གཅིག་གི་གནས་སྤོ་བྱེད་པ་དང་གཙོད་ཕྲུག་བཙའ་འགོ་ཚུགས་པ་རེད།
     ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་སྨུག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་སྐར་མ་ཡར་འཕེལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས་7ཉིན་གྱི་སྔ་དྲོ་ཁག་ཐེངས་དང་པོའི་གཙོད་མོ་47མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་3001གི་ས་ནས་ཁུ་ཁུ་ཤིས་རི་ལྟེ་བའི་ས་ཁོངས་ཀྱི་རྩོ་ནག་མཚོའི་ཕྱོགས་སུ་གནས་སྤོ་བྱས་པ་རེད།
     གཙོད་གནས་སྤོ་བ་ནི་འཛམ་གླིང་གི་ཁྱབ་ཁོངས་སུ་བརྗིད་ཉམས་ལྡན་པའི་རྨིག་ལྡན་སྲོག་ཆགས་གནས་སྤོ་ཆེན་པོའི་གྲས་ཤིག་ཡིན་ཞིང་། ལོ་ལྟར་བོད་ཀྱི་བྱང་རྩྭ་ཐང་དང་། ཤིན་ཅང་གི་ཨར་ཅིན་ཧྲན་རི་བོ། དེ་བཞིན་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་བཅས་ནས་ཡོང་བའི་གཙོད་མོ་ཁུ་ཁུ་ཤིས་རིའི་རྩོ་ནག་མཚོ་རུ་གཙོད་ཕྲུག་བཙའ་བར་འགྲོ་བ་དང་གཙོད་ཕྲུག་བཙས་རྗེས་གཙོད་ཕྲུག་ཁྲིད་ནས་སྔར་གྱི་གནས་ཡུལ་དུ་ལོག་གི་ཡོད།
     ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་ཡི་ཀྲུའུ་རེན་བུ་ཕྲུག་གིས། དོ་དམ་ཁྲུའུ་ཡིས་མཚོ་བོད་གཞུང་ལམ་རྒྱུད་ཀྱི་སྨུག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་ལྟེ་བར་བྱས་པའི་གཞི་རིམ་གྱི་སྲུང་སྐྱོང་ས་ཚིགས་ཁག་བཀོད་སྒྲིག་བྱས་ནས་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་དང་། རླངས་འཁོར་གྱི་དུང་བརྡ་གཏོང་མི་ཆོག་པ། སྐོར་སྲུང་རོགས་སྐྱོབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཙོད་གནས་སྤོ་བའི་ལམ་བར་དུ་བདེ་འཇགས་ངང་གཞུང་ལམ་སྒྲོལ་ཐུབ་པར་བྱས་ནས། མིའི་རིགས་ཀྱི་བྱ་འགུལ་ལས་སྲོག་ཆགས་གནས་སྤོ་བྱེད་པར་འགོག་རྐྱེན་མི་ཐེབས་པ་གང་ཐུབ་བྱས་ཡོད་ཅེས་བཤད།
     རང་རྒྱལ་གྱི་གཙོད་སྲུང་སྐྱོང་རིགས་གཅིག་མཁས་ཅན་ཧྲའན་ཤིས་ཞིང་ཆེན་སྲོག་ཆགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝུའུ་ཞའོ་མིན་གྱིས། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པ་དེས་གཙོ་གནད་རི་སྐྱེས་སྲོག་ཆགས་ཁྱབ་ཁུལ་གཙོ་བོའི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་སྐྱོང་ནུས་ལྡན་ཐུབ་ནས་གཙོད་སོགས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་། གཙོད་འཚོ་སྡོད་ཁུལ་དང་གནས་སྤོའི་བགྲོད་ལམ་གྱི་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ཡོད་ཅེས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། གཙོད་གནས་སྤོ་བ་དང་གཙོད་ཕྲུག་སྐྱེ་རིང་ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་ཡི་ལས་དོན་པས་གཙོད་གནས་སྤོ་བྱེད་པའི་དུས་ཚོད་དང་། གྲངས་འབོར། དེ་བཞིན་འབྲེལ་ཡོད་གནས་ཚུལ་བཅས་ལ་ལྟ་ཞིབ་ཚད་ལེན་དང་བསྡོམས་རྩིས་ཡག་པོ་བྱ་རྒྱུ་མ་ཟད། སྐབས་དེ་དུས་ནགས་ཚལ་སྤྱི་བདེས་ཀྱང་སྐོར་ཞིབ་དང་སྐོར་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། གཙོད་ནི་འདྲོག་འགོ་ལངས་བདེ་བས་དོ་དམ་སྡེ་ཚན་གྱིས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་དང་ཁ་ལོ་བ་ཚོར་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣའི་བཀོད་འདོམས་ལ་ཉན་དགོས་པ་དང་། རླངས་འཁོར་གྱི་མྱུར་ཚད་དལ་དུ་བཏང་ནས་གཙོད་ལ་གཡོལ་བ་ལས་རང་མཚམས་ཀྱིས་ཁུ་ཁུ་ཤིས་རིར་འཛུལ་མི་ཆོག་པའི་དྲན་སྐུལ་བྱས་པ་རེད།
     (སྐལ་མཆོག་གིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)