འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་9ཉིན།

༄༅།།རྒྱལ་ཁབ་ཀྱི་ཆེད་དུ་ཅ་རྒྱུ་འཚོལ་བ་དང་ཅ་རྒྱུ་སྲུང་སྐྱོང་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་09ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     【མི་སྣ】ཁྲར་ཧན་ཚྭ་མཚོའི་ཚྭ་འདོན་མཁན།
     【འབྱུང་རྐྱེན】ཅ་ལུད་ནི་ཞིང་ལས་ལོ་ཏོག་སྐྱེ་འཚར་ལ་མེད་དུ་མི་རུང་བའི་འཚོ་བཅུད་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེས་ལོ་ཏོག་གི་སྤུས་ཚད་ལེགས་སུ་དང་ཐོན་འབོར་མང་དུ་འགྲོ་བར་དམིགས་བསལ་གྱི་ནུས་པ་ཐོན་གྱི་ཡོད། མཚོ་སྔོན་གྱི་ཚྭ་འདམ་གཤོང་སའི་ལྷོ་ཕྱོགས་སུ་གནས་པའི་ཁྲར་ཧན་ཚྭ་མཚོ་རུ་ཚྭ་འདོན་གྲུ་གཟིངས་མང་པོས་མ་བཅོས་རྒྱུ་ཆ་ཅ་ལུད་ཐོན་སྐྱེད་འཁོར་ཁང་དུ་དབོར་བ་དང་། དེ་ནས་ཐོན་སྐྱེད་སྒྲུབ་རིམ་ཁག་གིས་ཐེག་ཚད་ལས་བརྒལ་ནས་ལས་ཀ་བྱེད་ཀྱི་ཡོད། ལོ་རེའི་དཔྱིད་ཀར། དེ་གའི་ཁེ་ལས་ཚང་མས་ཐོན་སྐྱེད་ཤུགས་ཆེན་བྱས་ནས་ནུས་ཤུགས་ཡོད་རྒུས་ཅ་ལུད་མཁོ་སྤྲོད་འགན་ལེན་བྱེད་ཅིང་། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ“ལོ་ཉི་ཤུ་བསྟུད་མར་ལོ་ལེགས་ཡག་པོ་བྱུང་བ”དེ་ཡང་ཅ་ལུད་མཁོ་སྤྲོད་ནུས་ལྡན་ཐུབ་པ་དང་ཁ་འབྲལ་ཐབས་མེད་ལ། ཁྲར་ཧན་ཚྭ་མཚོའི་ཚྭ་འདོན་མཁན་ཚོས་འབད་འཐབ་ལྷོད་མེད་དང་དཀའ་སྤྱད་རྒྱུན་འཁྱོངས་བྱས་པ་དང་ཡང་དེ་བས་ཁ་འབྲལ་ཐབས་མེད།
     【དཔྱད་བརྗོད】རང་རྒྱལ་ནི་ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། ཅ་ལུད་ཀྱི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་སྔོན་མ་ཐོན་ཁུངས་གསར་སྤེལ་བྱེད་ནུས་དང་། ཐོན་སྐྱེད་ལག་རྩལ་གྱི་ཆུ་ཚད་སོགས་ཀྱི་རྒྱུ་རྐྱེན་དབང་གིས་རང་རྒྱལ་གྱི་ཅ་ལུད་ཕལ་མོ་ཆེ་ཕྱི་ནས་འདྲེན་དགོས་ཀྱི་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་སྐབས། རང་རྒྱལ་གྱི་ཚན་རིག་མཁས་ཅན་མཚོ་སྔོན་གྱི་ཚྭ་འདམ་གཤོང་སའི་ཁྲར་ཧན་ཚྭ་མཚོ་རུ་ཡོང་ནས་ལོ་བདུན་ཅུ་ཙམ་རིང་རྒྱལ་ཁབ་ཀྱི་ཆེད་དུ་ཅ་རྒྱུ་འཚོལ་བ་དང་ཅ་རྒྱུ་སྲུང་སྐྱོང་གི་ལས་ལ་གཞོལ་ཡོད།
     ཁྲར་ཧན་ཚྭ་མཚོ་རུ་ཐོན་ཁུངས་འབེལ་ཡང་ས་རྒྱུ་ཞན་པ་ཞིག་ཡིན། དེར་གཏེར་ཁ་ཕུན་སུམ་ཚོགས་པོ་ཡོད་ལ། ཚྭའི་རིགས་ཀྱི་ཐོན་ཁུངས་གསོག་ཚད་ཏུན་དུང་ཕྱུར་600ལྷག་ཙམ་ཟིན་གྱི་ཡོད། ཅ་ཚྭ་དང་། མཱེ་ཚྭ། ལིས་ཚྭ་བཅས་ཀྱི་གསོག་ཚད་ཀྱང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད། ཡིན་ནའང་ས་ཆ་དེ་ནི་ཡངས་པའི་མྱ་ངམ་ཐང་དུ་གནས་པ་དང་། ཉི་འོད་ཕོག་ཡུན་རིང་ལ་གནམ་གཤིས་སྐམ་ཤས་ལྷག་པར་ཆེ་བས། རླངས་པ་འཕྱུར་ཚད་ནི་ཆར་ཆུའི་ལྡབ་100ལྷག་ཙམ་ཟིན་པ་མ་ཟད། ཚྭ་མེད་ཆུ་དང་སྔོ་ལྗང་མཐོང་རྒྱུ་མེད་པར་གང་སར་ཚྭ་མཚོ་དཀར་ཆིལ་ཆིལ་དུ་མངོན། མཐར“འཚོ་གནས་དཀའ་བའི་ཁུལ”གྱི་ཚྭ་དེ་དག་མི་དམངས་ལ་བདེ་བ་བསྐྲུན་པའི་ཕན་ཡོད་ཐོན་ཁུངས་ཤིག་ཏུ་ཇི་ལྟར་འགྱུར་བ་བྱས་ཡོད་ཅེ་ན།
     “ཚྭ་འདོན་མཁན་རྒན་གྲས”ཀྱིས། དེ་ནི་དཀའ་སྤྱད་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་གསུངས། 1958ལོར་ཁྲར་ཧན་ཅ་ལུད་བཟོ་གྲྭར་རྒྱུ་ཆ་སྤྱད་ནས་ཐོན་སྐྱེད་བྱེད་སྐབས། མི་བཅུ་གྲངས་ཁ་ཤས་གུར་གཅིག་ནང་མཉམ་དུ་སྡོད་པ་དང་ཚྭ་མེད་ཆུ་སྤྱི་ལེ་60ལྷག་ཙམ་གྱི་ས་ནས་ལེན་པར་འགྲོ་དགོས་ཀྱི་ཡོད། “འཐུང་ཆུ་ཚོད་བྱས་ནས་སྤྲོད་དགོས་པ་དང་། ཁ་ལག་བཟའ་སྐབས་གཞི་ནས་ཆུ་ཟོམ་གང་ལེན་རྒྱུ་ཡོད། དེའང་སྔོན་ལ་འབྲས་ཚལ་བཀྲུས་ནས་དེའི་ཆུས་གདོང་འཁྲུད་པ་དང་། ལོ་གཅིག་ལ་གཟུགས་པོ་ཐེངས་རེ་བཀྲུ་རྒྱུ་བྱུང་ན་ཡག་པོ་ཞེ་དྲག་རེད”ཅེས་ལས་མི་ཞིག་གིས་ཕྱིར་དྲན་བྱེད་བཞིན་བཤད། ལོ་དྲུག་ཅུ་ལྷག་ཙམ་རིང་མི་རབས་རྒྱུན་མཐུད་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་རང་རྒྱལ་གྱི་ཅ་ལུད་ཀྱི་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་བསྐྲུན་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་བརྟན་པོར་སྲུང་མཁན་མང་པོ་ཐོན་པ་ལས་ཀྲུང་གོའི་འབྲུ་རིགས་ལ་ཀྲུང་གོའི་ཅ་རྒྱུ་སྔར་ལས་མང་བ་སྤྱོད་ཐུབ་པ་བྱུང་ཡོད།
     ད་ཆ་ཁྲར་ཧན་ཚྭ་མཚོ་རུ་དེང་རབས་ཅན་གྱི་ཐོན་སྐྱེད་སྒྲིག་ཆས་མང་བ་དང་། མི་རྣམས་ཀྱིས་གཞུང་ལས་ཁང་དུ་བསྡད་དེ་རྒྱང་རིང་ནས་མི་མེད་ཚྭ་འདོན་གྲུ་གཟིངས་ལ་ཁ་ལོ་སྒྱུར་བཞིན་ཡོད། འགྱུར་ལྡོག་བྱུང་བ་ནི་ཐོན་སྐྱེད་སྒྲིག་ཆས་དང་ཐོན་སྐྱེད་ཀྱི་ཆ་རྐྱེན་ཡིན་པ་དང་། འགྱུར་ལྡོག་མེད་པ་ནི་གསར་འབྱེད་ཀྱི་སྙིང་སྟོབས་དེ་ཡིན། མིས་ཕྲག་པར་ཁུར་བ་དང་ཡུལ་ཐབས་ལ་བརྟེན་ནས་ཅ་ལུད་ཐེངས་དང་པོ་བཏོན་པ་ནས་ཅ་ལུད་ཀྱི་རིན་གོང་ལ་ཚོད་འཛིན་མི་ཕོག་པ་བྱེད་པའི་བར་དང་། ཚྭ་མཚོའི་མ་རྐང་ལ་བརྟེན་ནས་སྔོན་ཐོན་གྱི་ཐོན་སྐྱེད་བཟོ་རྩལ་གཅིག་སྡུད་མ་ལག་གསར་སྤེལ་དང་། དེ་ནས་ཅ་རྒྱུའི་ཐོན་ཁུངས་ཕྱོགས་བསྡུས་ཚུར་བསྡུ་བྱེད་ཚད་30%ཡང་མ་ཟིན་པ་ནས་75%བར་མཐོ་རུ་གཏོང་བའི་བར་ཁྲར་ཧན་ཚྭ་མཚོའི་འཕེལ་རྒྱས་ལོ་རྒྱུས་ནི་ཚྭ་འདོན་མཁན་མི་རབས་ནས་མི་རབས་བས་རང་བརྟེན་གསར་གཏོད་དང་རྩེར་སོན་གཏོད་པའི་ལས་གཏོད་ཀྱི་ལོ་རྒྱུས་ཤིག་རེད། སྔོན་མའི་ཚན་རིག་མཁས་ཅན་རྒན་རབས་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་ཅ་རྒྱུ་འཚོལ་བའི་ལས་འགན་ཕྲག་ཏུ་ཁུར་ཏེ་མི་མེད་ལུང་སྟོང་དེར་ཡོང་བ་དང་། ད་ཆ་ཁྲར་ཧན་ཚྭ་མཚོའི་ཚྭ་འདོན་མཁན་གྱིས་ཀྲུང་གོའི་ལྕགས་ཕོར་བརྟན་པོར་སྲུང་ཆེད་བློ་ཁོག་ཆེན་པོས་ཚན་རིག་གསར་གཏོད་བྱ་ཡུལ་མི་མེད་ལུང་སྟོང་དེར་ཡོང་སྟེ་བྱ་གཞག་གི་རྒྱུན་བསྟུད་ནས་སྙིང་སྟོབས་ཀྱི་མེ་སྟག་བརྒྱུད་སྤྲོད་བྱེད་བཞིན་པ་ཚོར་ཐུབ།
     ཁྲར་ཧན་མེ་འཁོར་བབས་ཚུགས་ཀྱི་དངོས་ཟོག་འཇོག་སར། དབོར་འདྲེན་རླངས་འཁོར་བཅུ་གྲངས་ཁ་ཤས་ཕར་འགྲོ་ཚུར་འོང་གིས་ཅ་ལུད་འཁོར་ཁང་དུ་དབོར་བ་དང་། ཅ་ལུད་བྱུར་བུར་བླུགས་པའི་མེ་འཁོར་རྡོག་ཐོན་གྱིས་ཞིང་ལས་ཐོན་སྐྱེད་བྱ་ཡུལ་གཙོ་བོར་ཐོན་བཞིན་ཡོད། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཟད་གྲོན་དང་ཐཱན་འབུད་ཚད་ཉུང་བ། ཕན་འབྲས་ཆེ་བ་ཡོང་གང་ཐུབ་བྱས་ནས་ཚྭ་མཚོའི་ཐོན་ཁུངས་རྩ་ཆེན་སྲུང་སྐྱོང་དང་བེད་ཡག་པོ་སྤྱད་དེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་ཞིག་ཐུབ་རྒྱུ་ཡིན་པ་རེད།
     (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)