འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་9ཉིན།

༄༅།།སྡེ་དགེའི་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་
ས་ཁུལ་གྱི་མིང་ཐོར་ཚུད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་09ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྡེ་དགེའི་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་
ས་ཁུལ་གྱི་མིང་ཐོར་ཚུད།
    གསར་འགོད་པས་སོག་པོའི་རྒྱལ་ས་ཝུའུ་ལན་པ་ཐོ་ནས་གནས་ཚུལ་ལས་ཤེས་རྟོགས་བྱུང་བར། སྡེ་དགེའི་པར་ཁང་གི་པར་བརྐོས་ཡིག་ཚགས《འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མིང་ཐོ》ཡི་ནང་བདེ་བླག་ངང་བདམས་ཐོན་བྱུང་བ་རེད།
   མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་པའིMOWCAPཚོགས་ཆེན་དེ་སྤྱི་ཚེས6ཉིན་སོག་པོའི་རྒྱལ་ས་ཝུའུ་ལན་པ་ཐོ་རུ་འཚོགས་པ་རེད། ཚོགས་འདུ་གལ་ཆེན་དེའི་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་རྒྱལ་ཁབ5དང་། ཚོགས་ཁོངས་རྒྱལ་ཁབ་ཁག་གི་འཐུས་ཚབ་འཛོམས་ཏེ། ཁོང་ཚོས་ཐུན་མོང་ཐོག་མིང་འདོན་རྣམ་གྲངས20འཁྱེར་ཡོད། དེའི་ནང་སྡེ་དགེའི་པར་ཁང་གི་པར་བརྐོས་ཡིག་ཚགས་དེ་ཀྲུང་གོའི་མིང་འདོན་རྣམ་གྲངས་ཀྱི་ཆ་ནས་ཚོགས་ཆེན་ཐོག་དོ་སྣང་ཆེན་པོ་ཐོབ་ཅིང་། རྒྱལ་ཁབ་ཡིག་ཚགས་ཅུས་ཀྱི་སྣེ་ཁྲིད་འོག་སྡེ་དགེ་རྫོང་གི་དྲན་ཤེས་རྣམ་གྲངས་རེ་ཞུའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན། རྫོང་ཡིག་ཚགས་ཁང་གི་འགོ་གཙོ་ཟླ་བ་གཡང་སྐྱིད། རིགས་གཅིག་མཁས་ཅན་ཚོ་ཆུང་གི་ཙུའུ་ཀྲང་ཀརྨ་རྒྱལ་མཚན་བཅས་ཆེད་མངགས་གདན་ཞུས་སྐུ་མགྲོན་བྱས་ནས་ཚོགས་འདུར་ཞུགས།
   སྡེ་དགེ་རྫོང་གི་དྲན་ཤེས་རྣམ་གྲངས་རེ་ཞུ་ཚོགས་པས་སྤུས་ལེགས་ཀྱི་དབྱིན་ཡིག་དྲིལ་བསྒྲགས་བརྙན་ཐུང་དང་རྒྱ་ཡིག་དང་དབྱིན་ཡིག་གི་ཡིག་ཐོག་སྙན་ཞུའི་རྒྱུ་ཆ་བཟོས་པ་བརྒྱུད། སྡེ་དགེའི་པར་ཁང་གི་པར་བརྐོས་ཡིག་ཚགས་ཀྱི་ཆ་འཕྲིན་ཁ་གསལ་ཞིང་། གཏིང་ཟབ་པའི་རིག་གནས་ཀྱི་རིན་ཐང་དང་ལོ་རྒྱུས་ཀྱི་དོན་སྙིང་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་དང་། ཡིག་ཚགས་དེ་དག་གི་དངོས་ཡོད་རང་བཞིན་དང་། དཀོན་པའི་རང་བཞིན། ཉག་ཅིག་རང་བཞིན། ཚབ་བྱེད་མི་ཐུབ་པའི་རང་བཞིན་བཅས་དང་། དེ་བཞིན་ཆ་ཚང་རང་བཞིན་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས་པས། ཚོགས་ཞུགས་མི་སྣའི་དོ་ཁུར་དང་གདེང་འཇོག་ཚད་མཐོ་ཐོབ། སྤྱི་ཟླ5པའི་ཚེས8ཉིན་གྱི་དཔྱད་ཞིབ་ཁྲོད། སྡེ་དགེའི་པར་ཁང་གི་པར་བརྐོས་ཡིག་ཚགས་དེ་འདེམས་ཤོག་ཡོངས་ཀྱི་ཐོག་ནས་གྲོས་འཆམ་བྱུང་ནས། 《འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མིང་ཐོ》ཡི་ནང་བདེ་བླག་ངང་བདམས་ཐོན་བྱུང་བ་རེད།
   སྡེ་དགེའི་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་དེ་ད་ལྟ་སྤྱི་ལོ1729ལོར་བཞེངས་པའི་པའི་སྡེ་དགེ་པར་ཁང་དུ་ཉར་ཚགས་བྱས་ཡོད་པ་དང་། 1703ལོ་ནས་བཟུང་པར་བརྐོ་འགོ་ཚུགས་ཤིང་། ད་བར་གནའ་བོའི་པར་གཞི228814ཆ་ཚང་ཉར་ཚགས་བྱས་ཡོད། པར་ཤིང་འདི་དག་གི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གི་གསུང་རབ་བསྟན་བཅོས་ཡོད་པར་མ་ཟད། ད་དུང་གནམ་རིག་སྐར་རྩིས་དང་། སྐད་བརྡ། ལོ་རྒྱུས། གསོ་རིག་སོགས་རིག་གཞུང་ཚན་ཁག་གི་གསུང་རྩོམ་མང་པོ་ཡོད། མང་ཆེ་བ་བོད་ཡིག་ཡིན་ལ། ལཉྩ་དང་ཝརྟུ་ཡང་ཡོད། ཡིག་རིགས་པར་གཞི་རིགས་ཆེ་གྲས་དྲུག་ཡོད་པ་ཕུད། ད་དུང་ཐང་ག་སོགས་རི་མོའི་པར་གཞི་ཆེ་གྲས་གསུམ་ཡོད། 
【1】  【2】
༄༅།།སྡེ་དགེའི་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་
ས་ཁུལ་གྱི་མིང་ཐོར་ཚུད།