འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་9ཉིན།

༄༅།།ཞི་ཅིན་ཕིང་གིས་སེར་པི་ཡའི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་09ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ཀེ་ལའེ་ཏེ་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་7ཉིན། པེར་ཀེ་ལའེ་ཏེར་ཕེབས་ནས་སེར་པི་ཡར་རྒྱལ་དོན་འཚམས་འདྲི་གནང་སྐབས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་པི་ཡའི《ཆབ་སྲིད་ཚགས་པར》ཐོག《འགྱུར་མེད་མཛའ་གྲོགས་འོད་ཟེར་གྱིས་ཀྲུང་གོ་དང་སེར་པི་ཡའི་མཉམ་ལས་ཀྱི་ལམ་བུར་འོད་སྟོང་འཕྲོ་བར་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད། རྩོམ་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ།
   འགྱུར་མེད་མཛའ་གྲོགས་འོད་ཟེར་གྱིས་ཀྲུང་གོ་དང་སེར་པི་ཡའི་མཉམ་ལས་ཀྱི་ལམ་བུར་འོད་སྟོང་འཕྲོ་བར་བྱེད་དགོས།
   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་།
    རེ་བས་ཁེངས་པའི་དུས་ཚིགས་འདིར་ཙུང་ཐུང་ཨ་ལའེ་ཁེ་སང་ཟླར·ཝུའུ་ཆི་ཆིའི་གདན་ཞུས་ལྟར་ངས་སེར་པི་ཡ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་ཡིན། དེ་ནི་ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་བ་ནས་བཟུང་སེར་པི་ཡའི་མཛེས་སྡུག་ལྡན་ལ་ངོ་མཚར་ཆེ་བའི་ས་གཞི་འདིར་སྐྱོད་ཐེངས་གཉིས་པ་ཡིན།
   ལོ་བརྒྱད་ཀྱི་གོང་སེར་པི་ཡར་འཚམས་འདྲི་བྱས་པའི་མཛེས་སྡུག་ལྡན་པའི་གནས་ཚུལ་སྔར་བཞིན་ངའི་བློ་ངོར་གསལ་པོར་དྲན་གྱི་འདུག ལོ་བརྒྱད་རིང་ཕྱོགས་གཉིས་པོས་མཉམ་ལས་དམ་ཟབ་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ངས་ཙུང་ཐུང་ཝུའུ་ཆི་ཆི་སོགས་སེར་པི་ཡའི་འགོ་ཁྲིད་པ་དང་གྲོགས་པོ་ཚོ་དང་སླར་ཡང་མཛའ་གྲོགས་ལྷུག་གླེང་དང་མཉམ་ལས་གྲོས་མོལ་བྱས་ནས་ཀྲུང་གོ་དང་སེར་པི་ཡའི་མཛའ་གྲོགས་ལ་གསོན་ཤུགས་གསར་པ་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
   ང་ཚོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ང་དང་ཙུང་ཐུང་ཝུའུ་ཆི་ཆི་གཉིས་དབར་ཞལ་འཛོམས་དང་། ཞལ་པར། ཕྱག་ཡིག་སོགས་བརྒྱུད་ཕྱག་ལས་ཀྱི་འབྲེལ་བ་བཟང་པོ་བཙུགས་ཡོད། རྒྱལ་ཁབ་གཉིས་པོའི་རིམ་པ་ཁག་དང་ཁྱབ་ཁོངས་ཁག་དབར་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་རང་སོ་སོའི་མི་དམངས་ཀྱིས་བདམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བསམ་ཤེས་དང་བརྩི་འཇོག་གང་ལེགས་བྱེད་པ་དང་། དྲང་གཞག་དང་དྲང་བདེན་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་བཅས་བྱས་ནས་ཕྱོགས་གཉིས་དང་ཕྱོགས་མང་ཁྱབ་ཁོངས་ཀྱི་མཐུན་སྦྱོར་དང་མཉམ་ལས་དམ་ཟབ་དང་བདེ་བླག་ཡོང་བ་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།
   ང་ཚོས་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱེད་ཀྱི་ཡོད། སེར་པི་ཡ་ནི་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཀྲུང་གོའི་རང་མོས་ཚོང་དོན་རོགས་ཟླ་ཐོག་མ་དེ་རེད། ན་ནིང་ཀྲུང་གོ་འདི་ཉིད་སེར་པི་ཡའི་མ་འཇོག་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་དང་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པར་གྱུར་ཡོད། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། ཐོན་ལས་འཁོར་སྦྲེལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ཀྱི་མཉམ་ལས་འཕེལ་རྒྱས་འགྲོ་བཞིན་ཡོད་པས་དེས་རྒྱལ་ཁབ་གཉིས་པོའི་རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱེད་ཀྱི་ཡོད། 2016ལོར་ངས་འཚམས་འདྲི་བྱེད་སའི་ཧོ་ཀང་སི་མེ་ཏེ་ལེ་ཝོ་ངར་ལྕགས་བཟོ་གྲྭ་ནི་སེར་པི་ཡའི་ཕྱིར་གཏོང་ཁེ་ལས་ཆེན་པོ་གསུམ་གྱི་གྲས་ཤིག་རེད། སེར་པི་ཡའི་སྦྲང་རྩི་དང་། རྒུན་ཆང་། ཚགས་ཤ་དང་ལུག་ཤ་སོགས་བཟའ་བཅའི་ཐོན་རྫས་ལ་ཀྲུང་གོའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
   ང་ཚོས་ཕན་ཚུན་རོགས་རམ་བྱ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ང་དང་ཙུང་ཐུང་ཝུའུ་ཆི་ཆི་དབར་ཞལ་པར་གཏོང་རེས་ཐེངས་གཉིས་བྱས་ནས་རིམས་འགོག་མཉམ་ལས་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། ཀྲུང་གོ་ཕྱོགས་ཀྱིས་སེར་པི་ཡ་ཕྱོགས་ལ་རོགས་སྐྱོར་བྱས་པ་དང་འབྲེལ་སྨན་བཅོས་འགོག་སྲུང་དངོས་ཟོག་ཁག་མང་པོ་སྔོན་ལ་མཁོ་འདོན་བྱས་པ་མ་ཟད། ད་དུང་རིགས་གཅིག་མཁས་ཅན་ཚོགས་ཆུང་སེར་པི་ཡར་བཏང་ཡོད། རིམས་ནད་ཐོན་རིང་། ཀྲུང་གོ་ཕྱོགས་ཀྱིས་ཕྱི་རྒྱལ་དུ་བྱེས་སྡོད་ཀྲུང་གོ་བའི“དཔྱིད་ཀྱི་མྱུ་གུའི་བྱ་སྤྱོད”ལ་རོགས་རམ་བྱས་པར་སེར་པི་ཡ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་དང་། སེར་པི་ཡའི་དམངས་ཁྲོད་རྩ་འཛུགས་ཀྱིས་རང་འགུལ་ངང་ཀྲུང་གོའི་མི་དམངས་ལ་ཁ་རས་སོགས་དངོས་ཟོག་ཞལ་འདེབས་ཕུལ་ཡོད། འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བའི་སྤུན་ཟླའི་བརྩེ་དུང་དེ་རིགས་ནི་ཧ་ཅང་རྩ་ཆེན་ཞིག་རེད།
   ང་ཚོས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཀྲུང་སེར་གཉིས་པོས་མི་དམངས་བདེ་སྐྱིད་དང་རྒྱལ་ཁབ་སྟོབས་འབྱོར་དོན་གཉེར་བྱ་རྒྱུར་གཞོལ་ནས་རྒྱལ་ཁབ་གཉིས་པོས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ཧུར་ཐག་བྱས་ཏེ་སྲིད་ཏང་གི་འགྲོ་འོང་ལ་ཤུགས་སྣོན་རྒྱག་གི་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་དགའ་སྣང་ཆེན་པོ་བཅངས་ནས་རིག་གནས་དང་། ལུས་རྩལ། ཡུལ་སྐོར་སོགས་མི་ཆོས་རིག་གནས་སྤེལ་རེས་ཀྱི་འབྲེལ་བ་ཟབ་མོ་བཙུགས་ཡོད། སེར་པི་ཡའི་ལན་ཆིའུ་སྤོ་ལོའི་གྲགས་ཅན་མི་སྣ་གཡོད་ཅི་ཆིས་ཀྲུང་གོའི་མཛེས་མཐུན་གྲོང་གསེབ་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཆེ་མོར་ཤུགས་བརྒྱབ་ཡོད། རྒྱལ་ཁབ་གཉིས་པོས་ལམ་ཡིག་དཀྱུས་མ་ཡོད་པའི་མི་སྣའི་ཐོངས་མཆན་མི་དགོས་པ་བཟོས་ནས་མི་སྣ་འགྲོ་འོང་དང་སྤེལ་རེས་མཉམ་ལས་ལ་སྟབས་བདེ་བསྐྲུན་ཡོད།
    དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་སེར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་བར་མདུན་ལམ་ཆེན་པོ་ལྡན་ཡོད། ངས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་སེར་པི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་སེར་མཛའ་གྲོགས་དར་སྤེལ་བཏང་ནས་དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་ལ་བརྟེན་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་པ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད།
   ང་ཚོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་ཡག་པོ་བྱེད་དགོས། ཀྲུང་སེར་གྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་དང་རྒྱ་ཆེར་བཏང་སྟེ། ཕྱོགས་གཉིས་པོས་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་རམ་འདེགས་བཅས་ཀྱི་འགྲོ་ལམ་ཐོག་ཟམ་མི་ཆད་པར་མདུན་སྐྱོད་བྱས་ནས་ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕ་རོལ་པོར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། སེར་པི་ཡའི་མི་དམངས་རང་ཉིད་ཀྱིས་བདམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་ཀྲུང་གོས་བརྩི་འཇོག་དང་རྒྱབ་སྐྱོར་བྱ་རྒྱུ་དང་། སེར་པི་ཡས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་ལ་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱ་རྒྱུ། ཕྱོགས་གཏོགས་གང་རུང་གིས་སེར་པི་ཡའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡིན།
   ང་ཚོས་ཐོག་མཐའ་བར་གསུམ་དུ་མཉམ་ལས་གཉིས་ཕན་གྱི་རོགས་ཟླ་ཡག་པོ་བྱེད་དགོས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་པོ་གཏོང་བཞིན་ཡོད། ཉེ་བའི་ལོ་ཤས་རིང་སེར་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་སེར་གྱིས་གཉིས་ཕན་མཉམ་ལས་ཀྱི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དུས་འབྲིང་གི་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ཡག་པོ་བྱས་ཏེ། མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་དེ་བས་མང་བ་གཏོད་རྒྱུའི་བརྩོན་ལེན་བྱས་ནས་ཚན་རྩལ་གསར་གཏོད་དང་། སྔོན་ཐོན་བཟོ་སྐྲུན། ལྗང་མདོག་ནུས་རྒྱུ། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས།
   ང་ཚོས་ཐོག་མཐའ་བར་གསུམ་དུ་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བའི་མིག་དཔེ་བཟང་པོ་བྱེད་དགོས། ཀྲུང་སེར་རྒྱལ་ཁབ་གཉིས་ནི་གྲོགས་པོ་བློས་ཐུབ་དང་འཛམ་གླིང་ཞི་བདེ་ཡོང་བར་སྲུང་སྐྱོང་བྱེད་མཁན་ཞིག་ཡིན་པའི་ངོས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་མང་པོའི་ཐད་ལངས་ཕྱོགས་འདྲ་མཚུངས་ཡིན། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཐུན་མོང་ཐོག་དར་སྤེལ་གཏོང་བ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་བཅས་བྱས་ཏེ་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པར་གཞོལ་དགོས།
   ང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་སེམས་གཅིག་འབྲེལ་གྱི་གྲོགས་པོ་བློས་ཐུབ་བྱེད་དགོས། ཀྲུང་སེར་དབར་གྱི་སྲ་ཞིང་བརྟན་པའི་མཛའ་གྲོགས་ཀྱིས་དཀའ་ཚེགས་མང་པོ་བརྒྱུད་ཡོད་པ་དང་། དུས་རབས་གསར་པར་དེ་བས་བཀྲག་མདངས་གསར་པ་འཕྲོ་བཞིན་ཡོད། ང་ཚོས་ཕྱོགས་མང་སྣེ་མང་གི་མི་ཆོས་རིག་གནས་སྤེལ་རེས་དང་ས་གནས་མཉམ་ལས་ཀྱི་བཀོད་པ་བཏོད་དེ། “ཐོངས་མཆན་མི་དགོས་པ་དང་ཐད་གཏོང་མཁའ་ལམ”ཟུང་འབྲེལ་གྱི་ཕན་ནུས་ཡག་པོ་སྤྱོད་པ་དང་། ཕན་ཚུན་དབར་བཙུགས་པའི་རིག་གནས་ལྟེ་བའི་ནུས་པ་གང་ལེགས་འདོན་པ། སློབ་གསོ་དང་། ལུས་རྩལ། རིག་གནས། ཡུལ་སྐོར་སོགས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞོན་ནུ་ཚོར་གོ་སྐབས་དེ་བས་མང་བ་བཏོད་ནས་ཀྲུང་སེར་དབར་གྱི་མཛའ་གྲོགས་རྒྱུན་འཛིན་ཐུབ་པ་བྱེད་དགོས།
   ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ང་ཚོས་སེར་པི་ཡའི་གྲོགས་པོ་དང་མཉམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་ལག་གདང་སྦྲེལ་ནས་ཡར་ཐོན་ཡོང་བ་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་པ་དང་དུས་རབས་གསར་པའི་ཀྲུང་སེར་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་འདོད་ཡོད། དཔྱིད་ཀྱི་མེ་ཏོག་སྟོན་གྱི་འབྲས་བུ། ཀྲུང་སེར་གྱི་མཛའ་གྲོགས་དེ་བས་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་པོ་བསྐྲུན་པར་ང་ཚོས་མཉམ་དུ་དཔང་པོ་དང་རེ་སྒུག་བྱེད་བཞིན་ཡོད།