འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།སྤྲོད་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི་500སྤྲོད་རྒྱུ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཧོ་ནན་ཀྲེང་ཀྲོའུ་གྲོང་ཁྱེར་གྱིས་《ཀྲེང་ཀྲོའུ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་དང་རིག་གནས་གསར་གཏོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་ལག་བསྟར་ཞིབ་སྲོལ་(ཚོད་ལྟ་བྱ་སྲོལ་)》(གཤམ་དུ《ལག་བསྟར་ཞིབ་སྲོལ་》ཞེས་བསྡུ་རྒྱུ་)ཁྱབ་བསྒྲགས་བྱས་ནས། དངུལ་བཏང་ནས་རིག་གནས་ཡུལ་སྐོར་ཁེ་ལས་ལ་རྒྱབ་སྐྱོར་བྱས་པ་རེད།  
     《ལག་བསྟར་ཞིབ་སྲོལ་》དེས་གཙོ་བོ་ཕྱོགས་8ཀྱི་ཐད་ནས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད། དེའི་ནང་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་གསར་དུ་བསྐྲུན་ཐུབ་མཁན་བྱེད་པོར་སྤྲོད་ཐེངས་གཅིག་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི་500ཟིན་གྱི་ཡོད་པ་རེད། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་གསར་འཛུགས་ལེགས་འགྲུབ་ཐུབ་མཁན་ལ་སྤྲོད་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི་100དང་ཁྲི་50སྤྲོད་རྒྱུ་རེད། གཞི་ཁྱོན་ཆེ་བའི་ཡུལ་སྐོར་རྣམ་གྲངས་ལ་མ་དངུལ་བཞག་པ་ཕུད། ཡུལ་སྐོར་ལས་དོན་ཁང་གིས་ཀྱང་“སྐུ་མགྲོན་ཀྲེང་ཀྲོའུ་རུ་འདྲེན་པའི་”ལྷུ་ཚིགས་ཁྲོད་བྱ་དགའ་དང་ཕན་བདེ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་པ་རེད། 
     《ལག་བསྟར་ཞིབ་སྲོལ་》ནང་། ཀྲེང་ཀྲོའུ་རུ་ཉིན་མང་ཡུལ་སྐོར་དང་། ཉིན་གཅིག་ཡུལ་སྐོར་དང་། ཡུལ་སྐོར་གནམ་གྲུ་བོགས་མར་གཏོང་བ། ཡུལ་སྐོར་ཆེད་སྤྱོད་མེ་འཁོར་བཅས་ལ་དེ་མཚུངས་ཀྱི་བྱ་དགའི་སྤྲོད་ཐབས་བཟོས་ཡོད། ཟློས་གར་ཁང་ཆུང་གྲས་ཀྱི་འཁྲབ་སྟོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་ཆེད།  ལོ་ཧྲིལ་པོར་འཁྲབ་སྟོན་ཐེངས་50ཡན་ཟིན་པའི་ཟློས་གར་ཁང་ཆུང་གྲས་ལ་བྱ་དགའ་དང་གསབ་དངུལ་སྤྲོད་རྒྱུ་རེད། ལྟད་མོ་བ་60%ཟིན་པའི་གཞས་གདངས་དང་རོལ་དབྱངས་སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱེད་མཁན་ལ་ཁ་གསབ་རོགས་དངུལ་སྤྲོད་ཐེངས་རེར་སྒོར་1000རེ་སྤྲོད་རྒྱུ། ཟློས་གར་འཁྲབ་སྟོན་བྱེད་མཁན་ལ་ཁ་གསབ་རོགས་དངུལ་སྤྲོད་ཐེངས་རེར་སྒོར་1500སྤྲོད་རྒྱུ། གཞན་ཡང་། ཀྲེང་ཀྲོའུ་རུ་གཉེར་བའི་གླུ་གཞས་ཆེད་ཚོགས་སྣ་ཚོགས་ལའང་ཐེངས་གཅིག་རེའི་བྱ་དགའ་ཐོབ་པའི་གོ་སྐབས་ཡོད་པ་རེད།