འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་གྲོས་མོལ་གནང་བཞིན་པ།
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་གྲོས་མོལ་གནང་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་གྲོས་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་སྐབས་སུ་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་ཐེངས་གསུམ་པ་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་ཧྥའི་དབར་གྱི་འབྲེལ་བའི་ལོ་60ཡི་རྩ་ཆེའི་ལོ་རྒྱུས་ལམ་བུ་ལས་ང་ཚོས་ལོ་60རྗེས་མའི་འགོ་ཇི་ལྟར་འཛུགས་རྒྱུའི་ཐད་བསམ་གཞིག་དེ་བས་ལེགས་པ་བྱེད་དུ་བཅུག་ཡོད། མིག་སྔའི་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་འོག ཕྱོགས་གཉིས་པོས་རང་བཙན་རང་བདག་དང་། ཕན་ཚུན་བསམ་ཤེས། མིག་རྒྱང་རིང་བ། གཉིས་ཁེ་གཉིས་ཕན་བཅས་ཀྱི་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་བརྟན་པོ་སྲུང་དགོས་པ་དང་འབྲེལ་དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ནས་དུས་སྐབས་གསར་པའི་ཕན་ཚུན་ཡིད་ཆེས་བརྟན་པོ་དང་། གཞུང་འཁྱོངས་གསར་འབྱེད། རང་འགན་ཐེག་པ་འཁུར་ལེན་བཅས་ཀྱི་ཀྲུང་ཧྥའི་འབྲེལ་བ་འཛུགས་དགོས། ཕྱོགས་གཉིས་པོས་རང་བཙན་རང་བདག་མཐའ་འཁྱོངས་བྱས་ཏེ“འཇམ་འཐབ་གསར་པའམ”ཤོག་ཁག་ཁ་གཏད་དུ་ལངས་རྒྱུར་ཐུན་མོང་ཐོག་བཀག་འགོག་བྱེད་པ་དང་། ཕན་ཚུན་བསམ་ཤེས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་རྣམ་པར་བཀྲ་བའི་འཛམ་གླིང་གི་འཆམ་མཐུན་མཉམ་གནས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། མིག་རྒྱང་རིང་པོ་མཐའ་འཁྱོངས་བྱས་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ནས“འབྲེལ་གཅོད་ཕྲེང་གཏུབ”ལ་མཉམ་དུ་ངོ་རྒོལ་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བའི་འཐབ་ཇུས་བརྟན་པོ་སྲ་བརྟན་དུ་གཏོང་འདོད་ཡོད། གཉིས་ཕན་མཉམ་ལས་ཀྱི་གཏིང་ཤུགས་ཆེན་པོ་སྔོག་འདོན་བྱས་ནས་ཕྱོགས་གཉིས་པོའི་ཚོང་དོན་ཡར་ཐོན་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཧྥ་རན་སེའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱས་ནས“ཧྥ་རན་སེའི་ཞིང་ར་ནས་ཀྲུང་གོའི་གསོལ་ལྕོག་བར”གྱི་ལམ་སྲོལ་ལ་སྐུལ་འདེད་གཏོང་བར་དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་འདོད་ཡོད། ཧྥ་རན་སེས་ཀྲུང་གོར་ལག་རྩལ་མཐོ་བ་དང་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་དེ་བས་མང་བ་ཕྱིར་གཏོང་བྱ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་འཇིག་རྟེན་འཕུར་སྐྱོད་དང་མཁའ་འགྲུལ་སོགས་སྲོལ་རྒྱུན་ལེགས་ཆ་ལྡན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཉིང་རྡུལ་ནུས་པ་དང་། གསར་གཏོད། དངུལ་རྩ་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ལྗང་མདོག་ནུས་རྒྱུ་དང་། རིག་ནུས་བཟོ་སྐྲུན། སྐྱེ་དངོས་སྨན་རྫས། མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། ཀྲུང་གོར་བཟོ་སྐྲུན་ལས་རིགས་ཀྱི་འཇུག་འཐུས་ཕྱོགས་ཡོངས་ནས་ལྷུག་ཏུ་བཏང་ཟིན་པ་དང་། གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཀྱི་ཁྲོམ་རའི་འཇུག་འཐུས་མགྱོགས་མྱུར་ལྷུག་ཏུ་གཏོང་རྒྱུ་ཡིན་པས། ཧྥ་རན་སེའི་ཁེ་ལས་དེ་བས་མང་བ་ཀྲུང་གོར་མ་དངུལ་འཇོག་པར་ཡོང་བར་དགའ་བསུ་ཞུ་རྒྱུ་དང་དུས་མཚུངས་ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཧྥ་རན་སེར་མ་འཇོག་མཉམ་ལས་བྱེད་པར་བསྐྱོད་རྒྱུར་ཚོང་གཉེར་ཁོར་ཡུག་བཟང་པོ་དང་འཕེལ་རྒྱས་ཀྱི་སྔོན་དཔག་བརྟན་པོ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྥ་གཉིས་པོ་ནི་རིག་གནས་རྒྱལ་ཁབ་ཆེན་པོ་ཡིན་པས། ཕྱོགས་གཉིས་པོས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་བྱེད་མགྱོགས་སུ་གཏོང་བ་དང་། ཀྲུང་ཧྥའི་རིག་གནས་ཡུལ་སྐོར་ལོའི་བྱེད་སྒོ་ཁག་མུ་མཐུད་ཡག་པོ་གཉེར་བ། རིག་དངོས་མཉམ་འབྲེལ་སྲུང་སྐྱོང་ཉམས་གསོའི་ལས་དོན་དང་འཛམ་གླིང་ཤུལ་བཞག་ཁུལ་གྱི་འབྲེལ་བ་ཡག་པོ་ཡོང་བ་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེའི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ཡོང་བར་དགའ་བསུ་ཞུ་རྒྱུ་དང་། ཧྥ་རན་སེ་སོགས་རྒྱལ་ཁབ་12ཀྱི་སྤྱི་དམངས་དུས་ཐུང་ཀྲུང་གོར་ཡོང་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་དེ་2025ལོའི་ལོ་མཇུག་བར་ནར་འགྱངས་བྱ་རྒྱུ་དང་། འབྱུང་འགྱུར་ལོ་གསུམ་ནང་ཀྲུང་གོར་ཡོང་བའི་ཧྥ་རན་སེའི་ཕྱི་སྦྱོང་སློབ་མ་ཁྲི་1ལྷག་ཙམ་ཟིན་རྒྱུ། ཡོ་རོབ་ཀྱི་གཞོན་ནུ་ལོ་ཆུང་ཀྲུང་གོར་སྤེལ་རེས་བྱེད་པའི་གཞི་ཁྱོན་ལྡབ་གཅིག་འཕར་བར་སྐུལ་འདེད་གཏོང་རྒྱུ་བཅས་རེད། ཧྥ་རན་སེ་ཕྱོགས་ཀྱིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས་ཆུ་ཚད་མཐོ་བའི་འཐུས་མི་ཚོགས་པ་ཧྥ་རན་སེར་མངགས་ནས་འགྲན་བསྡུར་ནང་ཞུགས་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཧྥ་རན་སེ་ཕྱོགས་ནས་མཉམ་འབྲེལ་རྒྱལ་ཚོགས་རྒྱ་མཚོའི་ཚོགས་ཆེན་ཡག་པོ་གཉེར་བར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ་ཆ་སྒྲིག་ལ་སྐུལ་མ་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཧྥ་རན་སེ་ཕྱོགས་དང་མིས་བཟོས་རིག་ནུས་བཅོས་སྐྱོང་དང་རྒྱལ་སྤྱིའི་དངུལ་རྩའི་མ་ལག་སྒྱུར་བཅོས་སོགས་ཁྱབ་ཁོངས་སུ་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད།
    མཱ་ཁེ་ལུང་གིས་གསུངས་དོན། འདི་ལོ་ཧྥ་ཀྲུང་གིས་ཧྥ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་གཟབ་རྒྱས་ཞུ་རྒྱུ་རེད། ཧྥ་ཀྲུང་གི་འབྲེལ་བ་ཟབ་པ་དང་མཉམ་ལས་ལ་ཕན་འབྲས་བཟང་པོ་ཐོན་པ་དེ་ནི་རྩེར་སོན་ལག་རྩལ་ཙམ་མ་ཟད། གནམ་གཤིས་འགྱུར་ལྡོག་དང་རྒྱ་མཚོའི་སྣ་མང་རང་བཞིན་སོགས་ཚུད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་གཞི་དང་ཡང་འབྲེལ་བ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་རིང་ཕྱོགས་གཉིས་པོས་མཉམ་ལས་གྲོས་མཐུན་མང་པོ་ཞིག་ལ་མིང་རྟགས་བཀོད་ཡོད། དེ་ཐོག་ནས་ཧྥ་ཀྲུང་མཉམ་ལས་ཀྱི་གཏིང་ཤུགས་དང་མདུན་ལམ་སླར་ཡང་མངོན་གྱི་ཡོད། མིག་སྔར་འཛམ་གླིང་ལ་ཁ་ཚ་དགོས་གཏུགས་སུ་ཐག་གཅོད་བྱེད་དགོས་པའི་འགྲན་སློང་མང་པོ་འཕྲད་ཡོད་པ་དང་ཧྥ་ཀྲུང་འབྲེལ་བ་འཛིན་སྐྱོང་སྤེལ་གསུམ་གྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། ཧྥ་ཀྲུང་འབྲེལ་བར་རྨང་གཞི་གཏིང་ཟབ་ལྡན་ཡོད་ཅིང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཕུགས་ལ་དམིགས་པ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་བཞིན་ཡོད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐག་གཅོད་དང་། ཚོགས་པ་ཁག་དབར་ཁ་གཏད་དུ་ལངས་རྒྱུ་བཀག་འགོག་བྱ་རྒྱུའི་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་རེད། ཧྥ་རན་སེས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་དཔལ་འབྱོར་འབྲེལ་བ་དང་ཕྱོགས་མང་གི་འབྲེལ་གཏུག་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས། ཧྥ་ཀྲུང་གི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་ཐད་གྲུབ་འབྲས་དེ་བས་མང་བ་ཐོབ་པའི་རེ་བ་ཡོད། ཧྥ་རན་སེས་ཀྲུང་གོར་ཞིང་ལས་ཐོན་རྫས་དེ་བས་མང་བ་ཕྱིར་འཚོང་བྱེད་རྒྱུའི་རེ་བ་ཡོད་ལ་ཀྲུང་གོར་ཁྲོམ་ར་སྒོ་འབྱེད་རྒྱུན་འཁྱོངས་བྱས་ནས་ཀྲུང་གོའི་ཁེ་ལས་ལ་དམིགས་པའི་མཐོང་ཆུང་རང་བཞིན་གྱི་སྲིད་ཇུས་བཟོ་མི་སྲིད། ཀྲུང་གོའི་ལག་རྩལ་མཐོ་བའི་ཁེ་ལས་ཚུད་པའི་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧྥ་རན་སེར་མ་འཇོག་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཧྥ་རན་སེས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཇིག་རྟེན་འཕུར་སྐྱོད་དང་མཁའ་འགྲུལ་དང་དམངས་སྤྱོད་ཉིང་རྡུལ་ནུས་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་ཐོག་འདི་ལོའི་ཧྥ་རན་སེ་དང་ཀྲུང་གོའི་རིག་གནས་ཡུལ་སྐོར་ལོའི་བྱེད་སྒོ་ཡག་པོ་གཉེར་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཚོགས་པ་མངགས་ནས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན། ཧྥ་རན་སེས་གནམ་གཤིས་འགྱུར་ལྡོག་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། མི་ཐབས་རིག་ནུས་སོགས་གོ་ལ་ཧྲིལ་པོའི་གནད་དོན་ཐད་ཀྲུང་གོ་དང་འབྲེལ་གཏུག་མཉམ་ལས་གཏིང་ཟབ་བྱས་ནས། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་སྲུང་སྐྱོང་བྱེད་འདོད་ཡོད།
    ཕྱོགས་གཉིས་པོས་ད་དུང་ཡུག་རེན་གྱི་ཉམས་ཉེན་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད། ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་ཞི་བདེ་རང་མེད། ཀྲུང་གོ་དང་ཧྥ་རན་སེ་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པས་ཞི་བདེའི་ཐོག་ནས་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད་སྐད་ཆ་ཤོད་དགོས་པ་དང་། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ལྡན་པའི་འཛམ་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ཤུགས་རྒྱག་དགོས། ཀྲུང་གོས་ཧྥ་རན་སེ་དང་མཉམ་དུ་ཕ་རི་སི་ཨོ་རྩལ་འགྲན་ཚོགས་དེ་གོ་སྐབས་ལ་བརྩིས་ནས། ལུས་རྩལ་འགྲན་ཚོགས་རིང་གོ་ལ་ཧྲིལ་པོར་དམག་མཚམས་འཇོག་རྒྱུའི་འབོད་སྐུལ་བྱེད་འདོད་ཡོད་ཅེས་གསུངས་ཡོད།
    ཕྱོགས་གཉིས་པོས་འཛམ་གླིང་དབུས་ཤར་གྱི་གནས་བབ་དང་། མི་ཐབས་རིག་ནུས་དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་དང་རྒྱ་མཚོ། ཞིང་ལས་སྤེལ་རེས་དང་མཉམ་ལས་སོགས་ཁག་བཞི་མཉམ་འབྲེལ་གསལ་བསྒྲགས་བྱས་པ་དང་། ལྗང་མདོག་འཕེལ་རྒྱས་དང་། མཁའ་འགྲུལ། འབྲུ་རིགས། ཚོང་དོན། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཀྱི་ཡིག་ཆ་ཁག་20ཙམ་ལ་མིང་རྟགས་བཀོད་པ་རེད།
    གྲོས་མོལ་གནང་རྗེས། ཞི་ཅིན་ཕིང་དང་མཱ་ཁེ་ལུང་གིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།
   ཉིན་དེའི་དགོང་མོར། མཱ་ཁེ་ལུང་དང་སྐུ་ཟླ་པུ་ལི་ཅི་ཐེ་ཡིས་ཕོ་བྲང་ཨའེ་ལི་ཧྲེ་རུ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་དགའ་བསུ་ཞུ་བའི་དགོང་ཚིགས་གཟབ་རྒྱས་བཤམས་པ་རེད།
   ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།