འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།
   ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་མཱ་ཁེ་ལུང་གི་གདན་ཞུས་ལྟར་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བའི་སྐབས་སུ་ཧྥ་རན་སེར་སླར་ཡང་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ང་དང་ཙུང་ཐུང་མཱ་ཁེ་ལུང་གིས་གྲུབ་འབྲས་ཕུན་སུམ་ཚོགས་པའི་གྲོས་མོལ་བྱས་པ་ཡིན། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བར་རྩ་ཆེའི་ལོ་རྒྱུས་དང་། ཐུན་མོང་མ་ཡིན་པའི་རིན་ཐང་། ལས་འགན་གལ་ཆེན་བཅས་ལྡན་པས་ཕྱོགས་གཉིས་པོས་ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་བརྒྱུད་སྤྲོད་ཡག་པོ་བྱས་ནས་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འབྲེལ་དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཏེ་ཀྲུང་གོ་དང་ཧྥ་རན་སེའི་དབར་གྱི་འབྲེལ་བའི་ལོ་60རྗེས་མའི་རྒྱང་ལམ་གསར་པ་གཏོད་དགོས་པའི་ཐད་ང་ཚོས་མགྲིན་གཅིག་ཏུ་ངོས་འཛིན་བྱས་ཡོད།
    ང་ཚོས་གཤམ་གསལ་གྱི་ཕྱོགས་འགའི་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐག་བཅད་པ་སྟེ།
    གཅིག་ནི་ཕྱོགས་གཉིས་པོའི་འབྲེལ་བའི་འཐབ་ཇུས་བརྟན་ལྷིང་སྲ་བརྟན་དུ་གཏོང་རྒྱུ། ངས་ཙུང་ཐུང་མཱ་ཁེ་ལུང་སླར་ཡང་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཧྥ་རན་སེ་ཕྱོགས་གཉིས་པོའི་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱས་ནས་རྒྱལ་ཁབ་གཉིས་པོའི་རིམ་པ་མང་བ་དང་ཕྱོགས་མང་སྤེལ་རེས་ཀྱི་ཐབས་ལམ་ཡག་པོ་སྤྱད་དེ་སྲིད་ཇུས་ཀྱི་ལངས་ཕྱོགས་ཐད་དུས་ཐོག་ཏུ་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུའི་བསྐྱར་བསྒྲགས་བྱས་ཡོད།
    གཉིས་ནི་གཉིས་ཁེ་མཉམ་ལས་ཀྱི་ཡངས་པའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱ་རྒྱུ། ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་ཚོང་དོན་ཡར་ཐོན་དོ་སྙོམས་ཡོང་བར་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་དང་དངུལ་རྩ་སོགས་ཁྱབ་ཁོངས་མཉམ་ལས་རྒྱ་ཆེར་གཏོང་བ། མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་དང་དམངས་སྤྱོད་ཉིང་རྡུལ་ནུས་པ་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ལྗང་མདོག་ནུས་རྒྱུ་དང་། རིག་ནུས་བཟོ་སྐྲུན། སྐྱེ་དངོས་སྨན་རྫས། མི་ཐབས་རིག་ནུས། ཕྱོགས་གསུམ་པའི་ཁྲོམ་ར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བཟོ་སྐྲུན་ལས་རིགས་ཀྱི་འཇུག་འཐུས་ཕྱོགས་ཡོངས་ནས་ལྷུག་ཏུ་གཏོང་བ་མ་ཟད། གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཀྱི་ཁྲོམ་རའི་འཇུག་འཐུས་མགྱོགས་མྱུར་ལྷུག་ཏུ་གཏོང་རྒྱུ་ཡིན། ང་ཚོས་ཕྱོགས་གཉིས་ཀྱི་མ་འཇོག་རྒྱ་ཆེར་གཏོང་རྒྱུར་ལྕག་སྐུལ་བྱས་ཏེ་ཕ་རོལ་པོའི་རྒྱལ་ཁབ་ཀྱི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུར་གཞོལ་རྒྱུ་ཡིན། ད་ཐེངས་འཚམས་འདྲི་བྱེད་རིང་། ཕྱོགས་གཉིས་པོས་སྡེ་ཚན་18དབར་གྱི་གྲོས་མཐུན་མཉམ་ལས་ལ་མིང་རྟགས་བཀོད་པའི་ནང་མཁའ་འགྲུལ་དང་། ཞིང་ལས། མི་ཆོས་རིག་གནས། ལྗང་མདོག་འཕེལ་རྒྱས། ཁེ་ལས་འབྲིང་ཆུང་མཉམ་ལས་སོགས་ཁྱབ་ཁོངས་ཚུད་ཡོད།
    གསུམ་ནི་མི་ཆོས་རིག་གནས་སྤེལ་རེས་ཐད“ཕྱོགས་གཉིས་སུ་བསྐྱོད་པ”མགྱོགས་སུ་གཏོང་རྒྱུ། ཀྲུང་གོ་དང་ཧྥ་རན་སེའི་རིག་གནས་ཡུལ་སྐོར་ལོ་གོ་སྐབས་སུ་བྱས་ནས་སློབ་གསོ་དང་། ལུས་རྩལ། གློག་བརྙན། གཞོན་ནུ། ས་གནས་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། ཀྲུང་གོས་ཧྥ་རན་སེས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་ཧྥ་རན་སེའི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཧྥ་རན་སེ་སོགས་རྒྱལ་ཁབ་12ཀྱི་སྤྱི་དམངས་ཀྲུང་གོར་དུས་ཐུང་སྡོད་པར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་2025ལོའི་ལོ་མཇུག་བར་ནར་འགྱངས་བྱ་རྒྱུ་དང་འབྲེལ་ཧྲང་ཧའེ་ནས་མཱ་སའེ་བར་གྱི་ཐད་གཏོང་མཁའ་ལམ་མང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ལོ་150ཡི་གོང་དུ་ཧྥ་རན་སེའི་མི་སྣ་ཀྲུང་གོའི་ཧྥུའུ་ཅན་གྲུ་གཟིངས་བཟོ་སྐྲུན་སློབ་གྲྭ་འཛུགས་སྐྲུན་དང་དུས་རབས་གོང་མའི་དུས་འགོར་ཧྥ་རན་སེར་བསྐྱོད་པའི་ལས་སློབ་གཉིས་བརྩོན་གྱི་ལས་འགུལ་ཚང་མ་ནི་རྒྱལ་ཁབ་གཉིས་པོའི་སློབ་གསོ་སྤེལ་རེས་ལོ་རྒྱུས་ཐོག་གི་མཚར་གཏམ་ཞིག་ཡིན། ང་ཚོས་ཧྥ་རན་སེ་འདི་ལོའི་ཀྲུང་གོའི་རྒྱལ་སྤྱིའི་སློབ་གསོའི་ལོ་ཚོགས་ཀྱི་སྐུ་མགྲོན་རྒྱལ་ཁབ་གཙོ་བོའི་འགན་ཁུར་ནས་འབྱུང་འགྱུར་ལོ་གསུམ་ནང་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་མཁན་ཧྥ་རན་སེའི་ཕྱི་སྦྱོང་སློབ་མ་ཁྲི་1ལས་བརྒལ་བ་དང་ཡོ་རོབ་ཀྱི་གཞོན་ནུ་ལོ་ཆུང་ཀྲུང་གོར་སྤེལ་རེས་བྱེད་པར་ཡོང་བའི་གཞི་ཁྱོན་ལྡབ་གཅིག་འཕར་བར་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
    བཞི་ནི་གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་སྡུད་བྱ་རྒྱུ། ཕྱོགས་གཉིས་པོས་གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་རྒྱལ་སྤྱིའི་དངུལ་རྩའི་མ་ལག་སྒྱུར་བཅོས་སོགས་ཁྱབ་ཁོངས་ཀྱི་གླེང་མོལ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་ཀྱིས་2025ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཚོགས་ཆེན་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ་ཆ་སྒྲིག་བྱ་རྒྱུར་སྐུལ་ལྕག་བྱ་རྒྱུ་ཡིན།
    ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ཞི་བདེ་རང་མེད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ཏེ་ལུས་རྩལ་འགྲན་ཚོགས་རིང་གོ་ལ་ཧྲིལ་པོར་དམག་མཚམས་འཇོག་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།
    ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་གི་སྐྱོ་གར་དེ་ད་བར་ནར་འགྱངས་བྱེད་པ་དེ་ནི་མིའི་རིགས་ཀྱི་གཤིས་བཟང་ལ་ཚོད་བགམ་བྱས་པ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཐག་གཅོད་ཀྱི་བྱེད་ཐབས་སྤྱོད་དགོས། ང་ཚོས་ཅ་ཧྲ་རུ་འཕྲལ་མར་ཕྱོགས་ཡོངས་དང་རྒྱུན་མཐུད་ངང་དམག་མཚམས་འཇོག་རྒྱུའི་སྐུལ་འདེད་གཏོང་བ་དང་། ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ལ་དངོས་སུ་འགྱུར་རྒྱུར་རྒྱབ་སྐྱོར་བྱེད་པ། ཕ་ལེ་སི་ཐན་མི་རིགས་ཀྱི་ཁྲིམས་མཐུན་དབང་ཆ་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”སླར་ཡང་འགོ་བཙུགས་པ་བཅས་བྱས་ཏེ་འཛམ་གླིང་དབུས་ཤར་ས་ཁུལ་ཡུན་རིང་ཞི་བདེ་ཡོང་བ་བྱེད་དགོས།
   ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་རེད། ལོ་75རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ཀྲུང་གོའི་རྒྱལ་ཁབ་ཀྱི་རྣམ་པ་དང་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་མོད། འོན་ཀྱང་འགྱུར་བ་མེད་པ་ནི་ང་ཚོའི་ཞི་བའི་གཤིས་བཟང་གི་རང་གཤིས་དང་། བསྟུན་མཁས་ཀྱི་བློ་རྒྱ་དང་དྲང་གཞག་དྲང་བདེན་བརྩོན་ལེན་བྱ་རྒྱུ་དེ་ཡིན། འདི་ཉིད་ལོ་ངོ་5000ལྷག་ཙམ་གྱི་ཀྲུང་ཧྭའི་ཤེས་དཔལ་ཁྲོད་རྩ་བ་ཚུགས་ཡོད་ལ། ཀྲུང་གོ་མི་དམངས་ཀྱི་བླ་སྲོག་གཏིང་ནས་འཚར་བ་ཞིག་ཡིན། ཀྲུང་གོས་ཧྥ་རན་སེ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་བཏང་སྟེ་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་། དཀའ་སྡུག་མཉམ་འཁུར། འབྱུང་འགྱུར་མཉམ་སྐྲུན་བཅས་བྱེད་འདོད་ཡོད།
   ཚའེ་ཆི་དང་ཝང་དབྱི་སོགས་ལྷན་དུ་ཞུགས་ཡོད་པ་རེད།