འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།ཞི་ཅིན་ཕིང་མཱ་ཁེ་ལུང་གིས་གཉེར་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཕ་རི་སིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་སྐུ་ཟླ་པུའུ་ལི་ཅི་ཐེ་ཡིས་གཉེར་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས་བཞིན་པ།
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཕ་རི་སིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་སྐུ་ཟླ་པུའུ་ལི་ཅི་ཐེ་ཡིས་གཉེར་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཕ་རི་སིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་སྐུ་ཟླ་པུའུ་ལི་ཅི་ཐེ་ཡིས་གཉེར་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་རེད།
    ཞི་ཅིན་ཕིང་དང་ཕེང་ལི་ཡོན་དེ་གར་ཕེབས་འབྱོར་ཟིན་སྐབས་མཱ་ཁེ་ལུང་དང་པུའུ་ལི་ཅི་ཐེ་ཡིས་སྤྲོ་སེམས་འཁོལ་བའི་བསུ་བ་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས་བྱམས་བརྩེའི་ངང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
    ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་གདན་ཞུས་ལྟར་གསོལ་སྟོན་ལ་ཞུགས་པའི་ཧྥ་ཕན་སེའི་ལས་རིགས་ཁག་གི་གྲགས་ཅན་མི་སྣའི་འཐུས་མིར་འཚམས་འདྲི་གནང་བ་མ་ཟད། བྱམས་བརྩེའི་སྤེལ་རེས་ཀྱང་གནང་བ་རེད།
    ཞི་ཅིན་ཕིང་གིས་བཞེས་རག་སྨོན་ཚིག་བསྒྲོན་པ་རེད།
   ཞི་ཅིན་ཕིང་གིས་གསུངས་དོན། མཛེས་སྡུག་ལྡན་པའི་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ལ་སླར་ཡང་འཚམས་འདྲིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཙུང་ཐུང་མཱ་ཁེ་ལུང་སྟངས་དཔྱལ་དང་ཧྥ་རན་སེ་ཕྱོགས་ཀྱིས་སྣེ་ལེན་གཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་ཧྥ་ནི་དམིགས་བསལ་གྱི་གྲོགས་པོ་ཞིག་ཡིན་ལ་ཀྲུང་ཧྥའི་འབྲེལ་བ་ནི་འཛམ་གླིང་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་ཁྲོད་ཀྱི་དམིགས་བསལ་གྱི་འབྲེལ་བ་ཞིག་ཀྱང་ཡིན།
    དེའི་དམིགས་བསལ་ནི་རང་བཙན་རང་བདག་ལ་ཐུག་ཡོད། ལོ་60ཡི་གོང་དམག་དཔོན་ཏའེ་ཀའོ་ལེ་ཡིས་ཀྲུང་གོ་གསར་པ་དང་ཕྱོགས་ཡོངས་ནས་ཕྱི་འབྲེལ་འཛུགས་རྒྱུའི་ཐབས་ཇུས་བཏོན་པ་དེ་ནི་འཇམ་འཐབ་ཀྱི་རྒྱབ་ལྗོངས་འོག་ཡིན་པས་ལས་སླ་པོ་ཞིག་གཏན་ནས་མ་རེད། ལོ་60ཡི་རིང་རྒྱལ་ཁབ་གཉིས་པོའི་སྐབས་རིམ་བྱུང་གི་འགོ་ཁྲིད་པས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱས་ཡོད། ཀྲུང་གོ་གསར་པར་དངོས་གཞིའི་འཚམས་འདྲི་གནང་མཁན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གཙོ་བདག་དང་པོ་ནི་ཧྥ་རན་སེའི་ཙུང་ཐུང་ཡིན་ལ་ཀྲུང་གོ་གསར་པའི་འགོ་ཁྲིད་པས་དངོས་གཞིའི་འཚམས་འདྲི་གནང་ཐེངས་དང་པོའི་ནུབ་ཕྱོགས་རྒྱལ་ཁབ་ནི་ཧྥ་རན་སེ་རེད། ཀྲུང་ཧྥའི་འགྲོ་འོང་གི་དུས་སྐབས་ཡག་ཤོས་ཚང་མར་རང་བཙན་རང་བདག་གི་རྒྱུ་རྐྱེན་ནུས་ལྡན་དེས་འདེགས་སྐྱོར་བྱེད་ཀྱི་ཡོད་པས་བརྩི་མཐོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་རིན་ཡོད།
    དེའི་དམིགས་བསལ་ནི་ཕན་ཚུན་བསམ་ཤེས་ལ་ཐུག་ཡོད། ཤར་ནུབ་ཤེས་དཔལ་གྱི་མཚོན་བྱེད་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོས་སྔར་ནས་བཟུང་ཕན་ཚུན་མྱོང་རོལ་དང་ཡིད་དབང་འགུག་རེས་བྱེད་ཀྱི་ཡོད། ཁུང་ཙིའི་དགོངས་པས་ཧྥུ་ཨེར་ཐའེ་སོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་ཧྥ་རན་སེའི་བློ་འབྱེད་ལས་འགུལ་ལ་བློ་སྒོ་ཕྱེ་ཡོད། དུས་རབས་གོང་མའི་དུས་འགོར་ཧྥ་རན་སེར་ལས་སློབ་གཉིས་བརྩོན་བྱེད་པའི་ཚ་རླབས་འཕྱུར་བ་དང་དེའི་རིང་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། འདི་ལོ་ནི་ཀྲུང་ཧྥའི་རིག་གནས་ཡུལ་སྐོར་ལོ་ཡིན་པས་རྒྱལ་ཁབ་གཉིས་པོས་དེ་གོ་སྐབས་སུ་བྱས་ནས་ཕན་ཚུན་གྱི་རིག་གནས་ཁྲོད་ནས་བློ་གྲོས་དེ་བས་མང་བ་འཚོལ་ཞིབ་དང་འཚོ་བཅུད་དེ་བས་མང་བ་བསྡུ་ལེན་ཐུབ་པའི་ཡིད་ཆེས་ཡོད།
    དེའི་དམིགས་བསལ་ནི་ཐེག་པ་ཁུར་ལེན་ལ་ཐུག་ཡོད། ཀྲུང་ཧྥ་ལག་གདང་སྦྲེལ་ན་འཛམ་གླིང་ལ་བདེ་སྐྱིད་སྐྲུན་ཐུབ་པ་ལོ་རྒྱུས་ཀྱིས་ར་སྤྲོད་ཐེངས་མང་བྱས་ཡོད། དེང་སྐབས་འཛམ་གླིང་ལ་འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་གནས་ཤིང་། ཡུག་རེན་གྱི་ཉམས་ཉེན་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་མཚམས་ཆད་མེད་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་འགོར་བ། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཉིན་བཞིན་དཀའ་ཚེགས་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་ཧྥ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པས་འགན་འཁྲི་དེ་བས་ཆེ་བ་འཁུར་དགོས་ངེས་རེད། ཕྲན་དང་ཙུང་ཐུང་མཱ་ཁེ་ལུང་གིས་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ནས་ཀྲུང་ཧྥའི་དབར་ཆུ་ཚད་མཐོ་བའི་ཕན་ཚུན་ཡིད་ཆེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ཀྱི་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་རབ་རིབ་ཀྱི་འཛམ་གླིང་དེར་རེ་བ་སྦྱིན་ནས་མིའི་རིགས་ཡར་ཐོན་ཡོང་བའི་ཁ་ཕྱོགས་འཚོལ་ཞིབ་བྱ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱུང་སོང་། ལོ་རྒྱུས་ཀྱི་ཉམས་མྱོང་དང་། དངོས་ཡོད་ཀྱི་རྨང་གཞི། འབྱུང་འགྱུར་གྱི་འཆར་གཞི་བཅས་ཡོད་པས་ཀྲུང་ཧྥའི་འབྲེལ་བ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་སྐྱེ་སྟོབས་ཀྱི་དཔལ་འབར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
    ཚའེ་ཆི་དང་ཝང་དབྱི་སོགས་གསོལ་སྟོན་ལ་ལྷན་དུ་ཞུགས་ཡོད།