འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་8ཉིན།

༄༅།།ཞི་ཅིན་ཕིང་དང་། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་། ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་བཅས་ཀྱིས་
ཀྲུང་ཧྥ་ཡོ་གསུམ་གྱི་འགོ་ཁྲིད་པའི་ཞལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་08ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་ཕ་རི་སིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་ཀྲུང་ཧྥ་ཡོ་གསུམ་གྱི་འགོ་ཁྲིད་པའི་ཞལ་འཛོམས་གནང་བ་རེད།
    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ལྟ་སྟངས་འཛིན་གྱི་ཡོད། ཡོ་རོབ་ཉིད་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ཁ་ཕྱོགས་གལ་ཆེན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་རོགས་ཟླ་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ཕན་ཚུན་སྐུལ་འདེད་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་ཡོད། དེང་སྐབས་འཛམ་གླིང་ཡོ་ལང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ཡོད་པས། ཀྲུང་གོ་དང་ཡོ་རོབ་ནི་སྟོབས་ཤུགས་གལ་ཆེན་གཉིས་ཡིན་པའི་ངོས་ནས་རོགས་ཟླའི་ངེས་གནས་མཐའ་འཁྱོངས་དང་། སྐད་ཆ་ཤོད་རེས་དང་མཉམ་ལས་མཐའ་འཁྱོངས། འཐབ་ཇུས་ཀྱི་འབྲེལ་གཏུག་ཟབ་གཏོང་། འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་ཆེར་གཏོང་། འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ། འཐབ་ཇུས་ཀྱི་མཉམ་ལས་བཅས་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་ཟམ་མི་ཆད་པར་འབུལ་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ནང་སྐྱེས་སྒུལ་ཤུགས་ཆེན་པོ་དང་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་པས། ཕྱོགས་གསུམ་པར་མ་དམིགས་པ་དང་། རྒྱབ་རྟེན་མི་བཅོལ་བ། གཞན་དབང་དུ་མ་ཚུད་པ་བཅས་བྱེད་དགོས། ཡོ་རོབ་མནའ་འབྲེལ་སྒྲིག་གཞིས་ཀྲུང་གོར་ངོས་འཛིན་ཡང་དག་འཛིན་ནས་ཀྲུང་གོར་འཛིན་པའི་དགེ་མཚན་ལྡན་པའི་སྲིད་ཇུས་བཟོ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱེད་དགོས། ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་གསར་པ་དང་དེ་བཞིན་འཐབ་ཇུས་དང་། དཔལ་འབྱོར་ཚོང་དོན། ལྗང་མདོག གྲངས་འཛིན་བཅས་ཀྱི་མཐོ་རིམ་དབར་གྱི་གླེང་མོལ་ལ་གྲ་སྒྲིག་ཡག་པོ་བྱས་ནས་བརྟན་ལ་ཕན་ཚུན་ཡིད་ཆེས་ཡོད་པའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རོགས་ཟླའི་འབྲེལ་བ་གཏོད་དགོས། ཀྲུང་གོས་ལག་ལེན་བསྟར་བའི་ཡོ་རོབ་རྒྱལ་ཁབ་ལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་དང་ཕྱི་རྒྱལ་བ་ཀྲུང་གོར་ཡོང་བའི་སྟབས་བདེའི་བཀོད་སྒྲིག་ཡག་པོ་སྤྱད་དེ་དམངས་ཁྲོད་དང་ས་གནས་དབར་གྱི་འགྲོ་འོང་དང་། སློབ་གསོ། ཚན་ཞིབ་མཉམ་ལས་བཅས་ལ་སྐུལ་ལྕག་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་དང་གླེང་ཕྱོགས་ཀྱི་རྣམ་པ་ལེགས་སུ་གཏོང་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། སྒོ་དབྱེ་འགྲན་རྩོད་ཁྲོད་ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་ཀྱི་ནུས་པ་ངོ་མ་ཆེ་རུ་ཕྱིན་པ་དེས་སྔོན་ཐོན་གྱི་ཐོན་ནུས་མཚོན་གྱི་ཡོད། དེས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་ཕྱིན་པ་དང་གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་བའི་གནོན་ཤུགས་ཆུང་དུ་ཕྱིན་པ་མ་ཟད། གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ལྗང་མདོག་ཕྱོགས་སྒྱུར་ལའང་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། དགེ་མཚན་ཆེ་རིགས་དང་གོ་ལ་ཧྲིལ་པོའི་ཁྲོམ་རའི་དགོས་མཁོ་གང་གི་ཐད་ནས་བལྟས་ནའང་། “ཀྲུང་གོའི་ཐོན་ནུས་ཆེ་དྲགས་པའི་གནད་དོན”ཟེར་བ་གཏན་ནས་མེད། ཀྲུང་གོ་དང་ཡོ་རོབ་དབར་མཉམ་ལས་བྱེད་པའི་ངོ་བོ་ནི་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡིན་ཞིང་། ཕྱོགས་གཉིས་པོར་ལྗང་མདོག་དང་གྲངས་འཛིན་ཕྱོགས་སྒྱུར་ཁྲོད་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་དང་མཉམ་ལས་ཀྱི་བར་མཐོངས་ཧ་ཅང་ཆེན་པོ་ཡོད་པས། ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པ་བརྒྱུད་དཔལ་འབྱོར་ཚོང་དོན་གྱི་རྩོད་གཞི་ཐག་གཅོད་བྱེད་མཁས་པོ་བྱས་ནས་ཕྱོགས་གཉིས་པོའི་ལུགས་མཐུན་གྱི་དོ་ཁུར་ལ་ལྟ་རྟོག་བྱེད་དགོས།
    མཱ་ཁེ་ལུང་གིས་གསུངས་དོན། ད་ལོ་ནི་ཧྥ་རན་སེ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པ་དང་། ཧྥ་རན་སེ་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་གལ་ཆེན་མང་པོ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་ཐེངས་གསུམ་པ་གནང་རིང་ཧྥ་ཀྲུང་ཡོ་གསུམ་གྱི་འགོ་ཁྲིད་པའི་ཞལ་འཛོམས་གནང་བར་ཧ་ཅང་དགའ་པོ་བྱུང་། དེ་ནི་དེ་སྔའི་ཧྥ་ཀྲུང་ཡོ་གསུམ་གྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་ཁ་ཤས་ཀྱི་རྒྱུན་མཐུད་པ་ཞིག་ཡིན་ལ་རྒྱལ་སྤྱིའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཀྱང་རེད། མིག་སྔར་འཛམ་གླིང་ལ་འགྲན་སློང་གལ་ཆེན་འཕྲད་ཡོད་ལ། རྒྱལ་སྤྱིའི་དུས་བབ་ཀྱང་འགག་རྩའི་ཁ་ཕྱོགས་སྒྱུར་མཚམས་སུ་གནས་ཡོད་པས། ཧྥ་རན་སེ་དང་ཡོ་རོབ་མནའ་འབྲེལ་གྱིས་སྔོན་ཆད་ཀྱི་དུས་གང་རུང་ཞིག་ལས་ཀྱང་ལྷག་པའི་སྒོ་ནས་ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དེ་ནི་ཡོ་རོབ་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཧྥ་ཀྲུང་དང་ཡོ་ཀྲུང་དབར་གྱི་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཡོ་རོབ་ཕྱོགས་ཀྱིས“འབྲེལ་ཐག་གཅོད་པ”ཁས་ལེན་གྱི་མེད། ཀྲུང་གོའི་ཁེ་ལས་ཡོ་རོབ་ཏུ་མ་འཇོག་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཡོ་རོབ་ཀྱི་རིན་ཐང་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས་གནམ་གཤིས་ཀྱི་འགྱུར་ལྡོག་དང་རྒྱ་མཚོའི་སྣ་མང་རང་བཞིན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུའི་རེ་བ་ཡོད།
   ཧྥེང་ཏེ་ལའེ་ཨེན་གྱིས་གསུངས་དོན། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་བཟང་པོ་ཡོད། དུས་སང་ནི་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་རེད། གོ་ལ་ཧྲིལ་པོའི་ལས་དོན་ཁྲོད་ཀྲུང་གོས་གནས་བབ་དང་ནུས་པ་གལ་ཆེན་བཟུང་ཡོད་པས། ཀྲུང་གོ་དང་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱེད་པ་དེ་ཡོ་རོབ་མནའ་འབྲེལ་གྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། གནམ་གཤིས་ཀྱི་འགྱུར་ལྡོག་དང་ཡུག་རེན་གྱི་ཉམས་ཉེན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་དེ་བས་ལེགས་པ་གཅོག་ཐུབ་མིན་ཐག་ཆོད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཕན་ཚུན་ཡིད་ཆེས་ཟབ་གཏོང་། གོ་ནོར་མི་ཐེབས་པ་བཅས་བྱས་ཏེ་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་འཛམ་གླིང་གི་ཞི་བདེ་དང་། བདེ་འཇགས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཡོ་རོབ་ཕྱོགས་ཀྱིས་ལྗང་མདོག་ཕྱོགས་སྒྱུར་གྱི་འཕེལ་རྒྱས་ཐད་ཀྲུང་གོ་ཕྱོགས་ཀྱིས་བྱས་པའི་འབད་བརྩོན་དང་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་བྱེད་པ་དང་། རང་ངོས་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་ཁེ་དབང་ཁས་ལེན་གྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མུ་མཐུད་ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་བྱས་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད།
    ཡུག་རེན་གྱི་ཉམས་ཉེན་སྐོར་ལ། ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་དང་། ཧྥ་རན་སེ་ཕྱོགས། ཡོ་རོབ་ཕྱོགས་བཅས་ཚང་མས་སྔ་ཙམ་དམག་མཚམས་འཇོག་པ་དང་ཡོ་རོབ་ཀྱི་ཞི་བདེ་སླར་གསོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ལ། ཡུག་རེན་གྱི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པར་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད། ང་ཚོས་དམག་འཁྲུག་གི་ཁྱབ་རྒྱ་ཆེ་རུ་འགྲོ་བར་ཐུན་མོང་ཐོག་ངོ་རྒོལ་དང་ཐུན་མོང་ཐོག་ཞི་བའི་གྲོས་མོལ་ལ་མཐུན་རྐྱེན་བསྐྲུན་ནས་རྒྱལ་སྤྱིའི་ནུས་རྒྱུ་དང་འབྲུ་རིགས་ཀྱི་བདེ་འཇགས་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ནི་ཡུག་རེན་གྱི་ཉམས་ཉེན་བཟོ་མཁན་དང་དོ་བདག་ཕྱོགས་ཤིག་མིན་ཡང་། ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཁ་ཏ་བྱེད་པར་གཞོལ་བ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་ཆེད་ནུས་ཤུགས་ཡོད་རྒུ་འདོན་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱི་ཕྱི་རོལ་ཡུལ་དང་མཐུན་པའི་དྲང་གཞག་གི་ལངས་ཕྱོགས་དང་དགེ་མཚན་ལྡན་པའི་ནུས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་དང་མུ་མཐུད་འབྲེལ་བ་རྒྱུན་འཁྱོངས་བྱེད་འདོད་ཡོད།
    ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་སྐོར་ལ། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་འཕྲལ་དུ་སྒྲུབ་དགོས་པའི་ལས་འགན་ནི་ཕྱོགས་ཡོངས་ནས་སྔ་ཙམ་དམག་མཚམས་འཇོག་རྒྱུ་དེ་ཡིན་པ་དང་། གལ་ཆེའི་ནང་གི་འགངས་ཆེན་ནི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ལ་འགན་ལེན་བྱ་རྒྱུ་དེ་ཡིན། རྩ་བའི་མདུན་ལམ་ནི“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱ་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཚོགས་མིའི་རྒྱལ་ཁབ་ཏུ་འགྱུར་བར་རྒྱབ་སྐྱོར་དང་དང་ལེན་བྱེད་ཀྱི་ཡིན། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ཀྲུང་གོ་དང་ཡོ་རོབ་དབར་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་གཞི་ཁྱོན་དེ་བས་ཆེ་བ་དང་། དབང་གྲགས་དེ་བས་ཆེ་བ། ཕན་འབྲས་དེ་བས་ཆེ་བ་བཅས་ལྡན་པའི་རྒྱལ་སྤྱིའི་ཞི་བའི་ཚོགས་འདུ་གང་མགྱོགས་འཚོག་རྒྱུར་རྒྱབ་སྐྱོར་བྱས་ནས“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱེད་པའི་དུས་ཚོད་དང་ལམ་ཐིག་བཟོས་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་ཁྱོན་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་སྔ་ཙམ་ཐག་གཅོད་ཐུབ་པར་སྐུལ་འདེད་གཏོང་འདོད་ཡོད།
    འགོ་ཁྲིད་པ་གསུམ་པོས་ད་ཐེངས་ཀྱི་ཕྱོགས་གསུམ་ཞལ་འཛོམས་ལས་ཕན་ཚུན་རྒྱུས་མངའ་ཟབ་ཏུ་དང་། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ། གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་ཁ་གསལ་བཅས་བྱུང་བ་དང་། མུ་མཐུད་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ངོས་འཛིན་གནང་བ་རེད།