འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་7ཉིན།

༄༅།།སྨན་བཅོས་ཁེ་ལས་25ཐེར་འདོན་བྱས་འདུག  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་07ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།སྨན་བཅོས་ཁེ་ལས་25ཐེར་འདོན་བྱས་འདུག
     ཉིན་ཤས་གོང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་སྨན་བཅོས་རིན་གོང་དང་སུས་འཇོན་དེ་འགུག་ཉོ་སྒྲུབ་མཛུབ་ཁྲིད་ལྟེ་གནས་ཀྱིས་2024ལོའི་ཟླ་3ཚེས་31ཉིན་བར་ཞིང་ཆེན་ཁག་གིས་ཁ་དན་ཚིག་གནས་མིན་པ་“ཧ་ཅང་ཚབས་ཆེན་”དང་“ཚབས་ཆེན་”ཡིན་པའི་གསོ་རིག་སྨན་བཅོས་ཁེ་ལས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དེའི་ནང་། གསོ་རིག་སྨན་བཅོས་ཁེ་ལས་4ཡི་རིམ་པ་“ཧ་ཅང་ཚབས་ཆེན་”ཡིན་པ་དང་། གསོ་རིག་སྨན་བཅོས་ཁེ་ལས་21གི་རིམ་པ་“ཚབས་ཆེན་”ཡིན་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། རིན་གོང་བསྡུ་ལེན་གྱི་ཡིད་རྟོན་རིམ་པའི་དཔྱད་བསྡུར་དེ་གཙོ་བོ་ལྐོག་རྔན་སྤྲད་པའི་དངུལ་གྲངས་དང་། ཚུལ་མིན་རིན་གོང་གི་བྱ་སྤྱོད། གཅིག་སྡུད་ཉོ་སྒྲུབ་ཀྱི་སྒྲིག་ལམ་དཀྲུག་པ་སོགས་ཚབས་ཆེ་ཆུང་ལ་གཞིགས་ནས་གཏན་འཁེལ་བྱེད་ཀྱི་ཡོད་པ་དཔེར་ན། ལྐོག་རྔན་སྒོར་ཁྲི་1ཡན་སྤྲད་པ་ནི་“སྤྱིར་བཏང་”དང་། ལྐོག་རྔན་སྒོར་ཁྲི་10ཡན་སྤྲད་པ་ནི་“འབྲིང་རིམ་”དང་། ལྐོག་རྔན་སྒོར་ཁྲི་30ཡན་སྤྲད་པ་ནི་“ཚབས་ཆེན་”དང་། ལྐོག་རྔན་སྒོར་ཁྲི་200ཡན་སྤྲད་པ་ནི་“ཧ་ཅང་ཚབས་ཆེན་”བཅས་ཡིན། 
     སྨན་བཅོས་ཁེ་ལས་ཀྱི་ཡིད་རྟོན་རིམ་པ་དཔྱད་བསྡུར་ལ་གཞིགས་ན། འབྲེལ་ཡོད་སྡེ་ཁག་གིས་དྲན་སྐུལ་དང་བསླབ་བྱ་གཏོང་བ་དང་། ཉེན་ཁ་གསལ་འདེབས། ཁ་དན་ཚིག་ལ་མ་གནས་པའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཆོག་པ་དང་། ཐ་ན་ཁེ་ལས་དེའི་གྱོད་གཞི་དང་འབྲེལ་བ་ཡོད་པའམ་ཡང་ན་སྨན་རྫས་དང་སྨན་བཅོས་ལ་མཁོ་བའི་རྒྱུ་ཆ་ཡོངས་རྫོགས་དྲ་ཐོག་ཏུ་འགོད་པ་དང་། སུས་འཇོན་དེ་འགུག་གམ་སྡེབ་སྐྱེལ་ཐོབ་ཐང་ལ་ཚོད་འཛིན་དང་མཚམས་འཇོག་བྱེད་པ་སོགས་ཀྱི་ཐག་གཅོད་བྱེད་ཐབས་སྤྱད་ཆོག་དཔེར་ན། རིམ་པ་དཔྱད་བསྡུར་“ཚབས་ཆེན་”ཡིན་པའི་ཁེ་ལས་ལ་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཐོན་རྫས་དྲ་ཐོག་ཏུ་འགོད་པ་དང་སྡེབ་སྐྱེལ་ཐོབ་ཐང་མེད་པར་བཟོ་བ་སོགས་ཀྱི་ཐག་གཅོད་བྱེད་ཐབས་སྤྱོད་པ། རིམ་པ་དཔྱད་བསྡུར་“ཧ་ཅང་ཚབས་ཆེ་བའི་”ཁེ་ལས་ལ་ཐོན་རྫས་ཚང་མ་དྲ་ཐོག་ཏུ་འགོད་པ་དང་སྡེབ་སྐྱེལ་ཐོབ་ཐང་མེད་པར་བཟོ་བ་སོགས་ཀྱི་ཐག་གཅོད་བྱེད་ཐབས་སྤྱོད་དགོས།