འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་7ཉིན།

༄༅།།ཞི་ཅིན་ཕིང་གིས་ཕ་དབྱིའི་གདོང་གཏུག་དང་ཡུག་རེན་གྱི་ཉམས་ཉེན་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་07ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིའི་ཨའེ་ལི་ཧྲི་ཕོ་བྲང་དུ་ཧྥ་རན་སིའི་ཙུང་ཐུང་མཱ་ཁེ་ལུང་དང་གྲོས་མོལ་གནང་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་སྐབས། ཕ་དབྱིའི་གདོང་གཏུག་དང་ཡུག་རེན་གྱི་ཉམས་ཉེན་ཐད་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་གསལ་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཕ་དབྱིའི་གདོང་གཏུག་གི་སྐྱོ་གར་འདི་ད་ལྟའི་བར་དུ་མཇུག་རྫོགས་མེད་པ་ནི་མིའི་རིགས་ཀྱི་དགེ་སེམས་ལ་ཚོད་བགམ་བྱས་པ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་དེར་དོ་སྣང་བྱེད་དགོས། ང་ཚོས་ཀཱ་ཟར་འཕྲལ་མར་ཕྱོགས་ཡོངས་དང་རྒྱུན་མཐུད་ངང་དམག་མཚམས་འཇོག་པར་སྐུལ་འདེད་གཏོང་བ་དང་། ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་དངོས་སུ་འགྱུར་བར་རྒྱབ་སྐྱོར། ཕ་ལེ་སི་ཐན་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པར་རྒྱབ་སྐྱོར། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”བསྐྱར་འབྱེད་བཅས་བྱས་ནས་དབུས་ཤར་ས་ཁུལ་ཡུན་རིང་ཞི་བདེ་ཡོང་བ་བྱ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་ཉམས་ཉེན་སྐོར་གྱི་ལངས་ཕྱོགས་གསལ་བཤད་ཐེངས་མང་བྱས་ཡོད། ཀྲུང་གོ་ནི་ཉམས་ཉེན་བཟོ་མཁན་མིན་ལ་དོ་བདག་དང་ཐེ་ཞུགས་བྱེད་མཁན་ཡང་མིན་མོད། འོན་ཀྱང་ང་ཚོས་གཞན་ལ་རྐྱེན་ངན་བྱུང་བར་ལྟད་མོ་ལྟ་བ་མ་བྱས་པར་ཐོག་མཐའ་བར་གསུམ་དུ་ཞི་བདེ་མངོན་འགྱུར་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་བཞིན་ཡོད། ཀྲུང་གོའི་སྲིད་གཞུང་གི་ཡོ་རོབ་དང་ཨེ་ཤ་ཡའི་ལས་དོན་གྱི་དམིགས་བསལ་འཐུས་མིས་རེས་སྐོར་གསུམ་པའི་བར་འདུམ་བྱེད་འགོ་ཚུགས་ཡོད། དུས་མཚུངས་སུ་ང་ཚོས་ཡུག་རེན་གྱི་ཉམས་ཉེན་ལ་བརྟེན་ནས་རྒྱལ་ཁབ་གསུམ་པར་འགན་དཀྲི་བའམ་དམའ་འབེབས་བྱས་ནས། “འཇམ་འཐབ་གསར་པ”སློང་པར་ངན་སྐུལ་བྱེད་པར་ངོ་རྒོལ་བྱེད་རྒྱུ་ཡིན། འགལ་བ་གང་ཞིག་ཡིན་རུང་མཇུག་མཐར་གྲོས་མོལ་ཁོ་ནར་བརྟེན་ནས་ཐག་གཅོད་དགོས་པ་ལོ་རྒྱུས་ཀྱིས་ར་སྤྲོད་ཡང་ཡང་བྱས་ཡོད། ང་ཚོས་ཕྱོགས་སོ་སོས་ཡང་བསྐྱར་འབྲེལ་གཏུག་དང་གླེང་མོལ་བྱས་ནས་ཕན་ཚུན་ཡིད་ཆེས་རིམ་བཞིན་གསོག་འཇོག་བྱ་དགོས་པའི་འབོད་སྐུལ་བྱ་རྒྱུ་དང་། ཨུ་ཡུག་ཕྱོགས་གཉིས་ཀས་ཁས་ལེན་པ་དང་། ཕྱོགས་སོ་སོ་འདྲ་མཉམ་ངང་ཞུགས་པ། ཞི་བདེའི་ཇུས་གཞི་ཡོད་ཚད་ལ་གྲོས་བསྡུར་དྲང་གཞག་བཅས་བྱེད་པའི་རྒྱལ་སྤྱིའི་ཚོགས་འདུ་དུས་ཐོག་ཏུ་འཚོག་པར་རྒྱབ་སྐྱོར་བྱ་རྒྱུ། དོ་མཉམ་དང་། ཕན་ནུས་ལྡན་པ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་ཡོ་རོབ་བདེ་འཇགས་ཀྱི་སྒྲོམ་གཞི་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན།