འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་6ཉིན།

༄༅།།མཚོ་སྔོན་གྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གྱི་དཔེ་མཚོན་གྱོད་དཔེ་8བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་06ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་29ཉིན་གློག་འཕྲིན་འབྱོར་གསལ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་བྱས་ནས་དམ་ནན་གྱི་ཉེན་བརྡ་རྒྱུན་མཐུད་གཏོང་ཆེད། ཚེས་29ཉིན་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གྱི་དཔེ་མཚོན་གྱོད་དཔེ་8བརྡ་ཁྱབ་བཏང་བ་རེད།
     མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཝུའུ་ལན་རྫོང་མི་དམངས་སྲིད་གཞུང་གི་དེ་སྔའི་རྫོང་དཔོན་གཞོན་པ་རིམ་པ་གསུམ་པའི་བརྟག་ཞིབ་པ་ཆི་ཧྲེང་ཧུའུ་ཡིས་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་རྣམ་གྲངས་མ་དངུལ་གཡོ་ལེན་བྱས་པ་སོགས་ཀྱི་གནད་དོན། 2013ལོ་ནས་2023ལོའི་བར་ཆི་ཧྲེང་ཧུའུ་ཡིས་ཝུའུ་ལན་རྫོང་ཤིས་ལི་ཀོའུ་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཝུའུ་ལན་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་འཁུར་རིང་གོ་གནས་ཀྱི་སྟབས་བདེ་སྤྱད་དེ“ཏང་སྲིད་དམག་ཁེ་བཅས་མཉམ་སྐྲུན་དཔེ་སྟོན་གྲོང་ཚོའི་བྱེད་སྒོ”སོགས་རྣམ་གྲངས་མང་པོའི་ཁྲོད་ནས་རྒྱལ་ཁབ་ཀྱི་རྣམ་གྲངས་མ་དངུལ་བསྡོམས་སྒོར་ཁྲི་116.71གཡོ་ལེན་བྱས་པ་རེད། 2024ལོའི་ཟླ་དང་པོར། ཆི་ཧྲེང་ཧུའུ་ལ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་ཕོག་པ་དང་། ཉེས་གསོག་གི་དོགས་གཞི་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད།
     མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཞུས་ཤིའུ་ཆིན་གྱིས་གེགས་རྗེས་ཀྱི་སྡོད་ཁང་ཉམས་བཟོ་དང་བརྟན་གཏོང་རྣམ་གྲངས་ནས་ལྐོག་རྔན་བླངས་པའི་གནད་དོན། 2016ལོ་ནས་2023ལོའི་བར་ཞུས་ཤིའུ་ཆིན་གྱིས་འཇུ་ལག་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་འཁུར་རིང་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་གེགས་རྗེས་ཀྱི་སྡོད་ཁང་ཉམས་བཟོ་དང་བརྟན་གཏོང་རྣམ་གྲངས་འགན་གཙང་ལེན་པའི་ཁྲོད་མི་གཞན་ལ་རོགས་རམ་བྱས་པར་ལྐོག་རྔན་ལེན་པའི་དོགས་འབྲེལ་དངུལ་བསྡོམས་སྒོར་ཁྲི་38.1ཟིན་གྱི་ཡོད་པ་རེད། 2024ལོའི་ཟླ་དང་པོར་ཞུས་ཞིའུ་ཆིན་ལ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་ཕོག་པ་དང་། ཉེས་གསོག་གི་དོགས་གཞི་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད།
     ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་ཤིན་ཀྲའེ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཤིན་ཀྲའེ་གྲོང་ཚོའི་ཀྲི་པུའུ་ཡི་དེ་སྔའི་ཧྲུའུ་ཅི་གྲོང་ཚོ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་དོན་གྲུབ་བཀྲ་ཤིས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བ་སོགས་ཀྱི་གནད་དོན། 2019ལོ་ནས་2023ལོའི་བར་དོན་གྲུབ་བཀྲ་ཤིས་ཀྱིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་ཤིན་ཀྲའེ་གྲོང་ཚོའི་རོགས་རེས་མ་དངུལ་དང་ས་ཆ་བསྡུས་པའི་གུན་གསབ་དངུལ་དག་མི་སྒེར་གྱི་བུ་ལོན་འཇལ་བ་དང་འཛད་སྤྱོད་ཐད་སྤྱད་པར་ལྐོག་ཟ་བྱས་པའི་དོགས་འབྲེལ་དངུལ་བསྡོམས་སྒོར་ཁྲི་818ཟིན་གྱི་ཡོད་པ་རེད། 2023ལོའི་ཟླ་12པར་དོན་གྲུབ་བཀྲ་ཤིས་ལ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་ཕོག་པ་དང་། ཉེས་གསོག་གི་དོགས་གཞི་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་བཅའ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད།
     དཔེ་མཚོན་གྱོད་དཔེ་གཞན་དག་ལྔ་ནི་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཐུའུ་རིགས་རང་སྐྱོང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་ལི་ཏེ་ཧྲེང་གིས་གྲོང་གསེབ་ཀྱི་འགྲོ་ལམ་རྣམ་གྲངས་ཀྱི་འོས་སྐུལ་ཁྲོད་ནས་ལྐོག་རྔན་བླངས་པའི་གནད་དོན་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་བྱ་མདོ་ཤང་གདོང་རི་གྲོང་ཚོའི་སྡེ་ཁུལ་དང་པོའི་དེ་སྔའི་ཧྲེ་ཀྲང་དང་གྲོང་ཚོའི་དབུལ་སྐྱོར་རོགས་རེས་མཐུན་ཚོགས་ཀྱི་ལས་འཛིན་འགོ་པ་གཅིག་ལྕོགས་ཡིན་པའི་རིན་ཆེན་ཚེ་རིང་གིས་དམིགས་བསལ་གྱི་དངུལ་ཟོག་གཞན་སྤྱོད་བྱས་པའི་གནད་དོན། ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་ལྟེ་བའི་སྤྱི་ཚོགས་ཕན་བདེ་ཁང་དང་རྡོ་པ་སྤྱི་ཚོགས་ཕན་བདེ་ཁང་གི་དེ་སྔའི་ཡོན་ཀྲང་ཤའོ་ཏི་དང་རེན་གོ་ཡུས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་མ་དངུལ་སྒྲིག་འགལ་ངང་བེད་སྤྱོད་བྱས་པའི་གནད་དོན། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་གདོང་སྣ་གྲོང་རྡལ་ཙོང་ཙེ་ལ་གྲོང་ཚོ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་བཀྲ་དབྱང་ནོར་བུས་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ཀྱི་མ་དངུལ་ཧམ་བཟུང་བྱས་པ་སོགས་ཀྱི་གནད་དོན། མཚོ་བྱང་ཀྲོའུ་འཇུ་ལག་རྫོང་དམངས་སྲིད་ཅུས་ཀྱི་དམངས་ཕན་ཞབས་ཞུ་ཚོམས་ཆེན་གྱི་དེ་སྔའི་ལས་ཀ་བྱེད་མཁན་ཝང་ཆིང་གཡོད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་མ་དངུལ་ལྐོག་ཟ་བྱས་པའི་གནད་དོན་བཅས་རེད།
     (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)