འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་30ཉིན།

༄༅།།ཨེ་ཁྭ་ཏོར་གྱིས་རྒྱལ་སྤྱིའི་ཁྲིམས་ཁང་ལ་མོ་ཞི་ཁོ་ཞུ་གཏུག་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་30ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་29ཉིན་ཨེ་ཁྭ་ཏོར་ཕྱི་འབྲེལ་པུས་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ནས། ཨེ་ཁྭ་ཏོར་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། མོ་ཞི་ཁོ་རྒྱལ་སྤྱིའི་འོས་འགན་རབ་དང་རིམ་པ་ལས་འགལ་བ་དང་། དེ་བཞིན་མོ་ཞི་ཁོའི་ཙུང་ཐུང་གིས་གནོད་འཚེ་རང་བཞིན་གྱི་གཏམ་བརྗོད་སྤེལ་བའི་སྐྱོན་འདོན་ཞུ་གཏུག་བྱས་ཡོད་ཅེས་འཁོད་ཡོད་པ་རེད། 
     སྤྱི་བསྒྲགས་ནང་། ཨེ་ཁྭ་ཏོར་གྱིས་རྒྱལ་སྤྱིའི་ཁྲིམས་ཁང་ལ་མོ་ཞི་ཁོས《ཝེ་ཨེན་ན་ཕྱི་འབྲེལ་འབྲེལ་བའི་སྤྱི་ཆིངས》ཀྱི་གཏན་འབེབས་གཞིར་བཟུང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་འཇོག་དང་། ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། དེ་བཞིན་ཕྱི་འབྲེལ་ཕོ་ཉ་ཚོགས་པའི་འགན་ནུས་དང་མི་མཐུན་པའི་རྣམ་པའི་ཐོག་ནས་ཕྱི་འབྲེལ་ཁང་སྤྱོད་པ་བཅས་ཀྱི་འོས་འགན་བསྒྲུབ་མེད་པའི་ཁྲུན་ཐག་གཅོད་པ་མ་ཟད། ཁྱབ་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་འཁོད་ཡོད་པ་རེད། 
     སྤྱི་བསྒྲགས་ནང་ད་དུང་མོ་ཞི་ཁོས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》དང་།《མེ་གླིང་རྒྱལ་ཁབ་ཀྱི་རྩ་འཛུགས་རྩ་ཁྲིམས》ནང་གཏན་འབེབས་བྱས་པའི“བདག་དབང་འདྲ་མཉམ་དང་། མངའ་ཁོངས་ཆ་ཚང་། རྒྱལ་ཁབ་གཞན་གྱི་རྒྱལ་སྲིད་ལ་ཐེ་ཇུས་མི་བྱེད་པ”བཅས་ཀྱི་རྩ་དོན་ལས་འགལ་ཡོད་ཅེས་འཁོད་ཡོད་པ་རེད། 
     མོ་ཞི་ཁོའི་སྲིད་གཞུང་གིས་ཨེ་ཁྭ་ཏོར་གྱི་དེ་སྔའི་ཙུང་ཐུང་གཞོན་པ་ཧའོ་ཨེར་ཧོ·ཀེ་ལ་སིར་ཆབ་སྲིད་ཀྱི་འགེབས་སྲུང་དངོས་སུ་བྱས་པར་བརྟེན། ཨེ་ཁྭ་ཏོར་བདེ་འཇགས་དཔུང་སྡེ་ཡིས་ཟླ་4ཚེས་5ཉིན་གྱི་དགོང་མོར་ཨེ་ཁྭ་ཏོར་དུ་བཅའ་སྡོད་མོ་ཞི་ཁོའི་གཞུང་ཚབ་ཁང་ནང་བཙན་ཤེད་ཀྱིས་བཙན་འཛུལ་བྱས་ནས། གཞུང་ཚབ་ཁང་དུ་སྡོད་མཁན་ཀེ་ལ་སི་བཟུང་བ་རེད། དེའི་རྗེས་སུ་མོ་ཞི་ཁོའི་སྲིད་གཞུང་གིས་ཨེ་ཁྭ་ཏོར་དང་ཕྱི་འབྲེལ་འབྲེལ་བ་གཅོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཚེས་11ཉིན། མོ་ཞི་ཁོའི་ཕྱི་འབྲེལ་པུའུ་ཀྲང་པའར་སའེ་ནཱ་ཡིས་མོ་ཞི་ཁོ་ཡིས་ཨེ་ཁྭ་ཏོར་རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་བའི་དོགས་གཞི་ཡོད་པའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་ཅེས་བཤད་པ་རེད།