འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་30ཉིན།

༄༅།།བོད་ཀྱི་གསོ་བ་རིག་པ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རྒྱས་བདེན་དཔང་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་30ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཀྱི་གསོ་བ་རིག་པ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རྒྱས་བདེན་དཔང་བྱས།
    གོས་གཙང་དང་། ཞྭ་མོ་ཡག་པོར་གྱོན་ཞིང་ཁ་རས་བརྒྱབ་ནས་དུག་སེལ་འགག་སྒོ་རེ་རེ་བཞིན་བརྒྱུད་རྗེས། གཞི་ནས་བོད་སྨན་བདུད་རྩི་རིལ་བུ་མ་རྐང་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་སྐྱེད་ཁང་དུ་སླེབས། སྨན་ཕྱེ་བཟོ་བ་དང་། རིལ་བུ་བཟོ་བ། སྐམ་པོ་བཟོ་བ། རྩི་འདོན། འདེམ་སྒྲུག་རྒྱག་པ་སོགས་བྱས་རྗེས། བོད་སྨན་རིལ་བུ་རེ་རེ་བཞིན་ཐུམ་སྒྲིལ་གཏོང་བའི་ལྷུ་ཚིགས་སུ་སླེབས་ཀྱི་ཡོད། གསར་འགོད་པས་“ལོ་རབས་དགུ་བཅུ་པའི་རྗེས་སུ་སྐྱེས་བའི་ཕུར་མཚམས་གཅོད་མཐོང་སྐབས། ཁོང་ནི་གློག་ཀླད་ཀྱི་ERPམཉེན་ཆས་ཐོག་
ཡི་གེ་རྒྱག་བཞིན་པ་དང་། སྨན་སྣའི་ཡིག་ཐོ་བཀོད་ནས་བོད་སྨན་ཐུམ་སྒྲིལ་གྱི་ཤོག་ཆག་ལེན་བཞིན་འདུག 
    ཕུར་མཚམས་གཅོད་ཀྱིས་ལས་ཀར་ཞུགས་པའི་ཉིན་དང་པོར་བར་ཁྱམས་རིང་པོའི་ངོགས་གཉིས་ཀྱི་ཁང་མིག་ནང་གི་གོས་གཙང་མ་གྱོན་པའི་ལས་རོགས་མཐོང་དུས། དེ་ནི་ཁོང་མོའི་སེམས་སུ་གནའ་བོ་དང་ངོ་མཚར་ཆེ་བའི་བོད་སྨན་ཐོན་སྐྱེད་ཀྱི་རྣམ་པ་དང་མི་འདྲ་བ་ཡོད་པ་ཚོར། 
    ཉིན་ལྟར་ཞོགས་པའི་ཆུ་ཚོད་9དང་ཕྱེད་ཀའི་ཐོག ཕུར་མཚམས་གཅོད་དང་ལས་རོགས་ཚོས་གོས་གཙང་མ་གྱོན་ནས་ཁང་མིག་ཏུ་འཛུལ་བ་དང་། སྨན་བཟོ་ཁུལ་ཏུ་ཁ་མདོག་སེར་པོའི་གོས་གྱོན་དགོས་པ་དང་། ཐུམ་སྒྲིལ་ཁུལ་དུ་ཁ་མདོག་ལྗང་ཁུའི་གོས་གྱོན་དགོས་ཤིང་། ཁང་མིག་ནང་དུ་ཡར་འཛུལ་མར་བུད་ཀྱི་ཚད་གཞི་ནན་མོ་འདུག 
    ཕུར་མཚམས་གཅོད་ཀྱིས། “ལས་ཀར་ཞུགས་མ་ཐག་པའི་སྐབས། སྨན་བཟོ་བ་དང་ཐུམ་སྒྲིལ་དགོས་རིགས་ལག་ཤེས་ལ་བརྟེན་གྱི་ཡོད་པས། ངས་ཉིན་གཅིག་ལ་རིལ་བུ་3000ལས་ཐུམ་སྒྲིལ་གཏོང་མི་ཐུབ་”ཅེས་ཟེར། ཁོང་རྒྱུན་དུ་སྨན་བཟོ་ཁང་ནང་ཉིན་གང་སྡོད་ཀྱི་ཡོད། དེ་ལྟར་ལོ་གཅིག་གི་རྗེས་སུ་མོས་ཉིན་གཅིག་ལ་རིལ་བུ་4000ཐུམ་སྒྲིལ་གཏོང་ཐུབ་ཀྱི་ཡོད།
   2021ལོར། བོད་སྨན་བདུད་རྩི་རིལ་བུ་ཐུམ་སྒྲིལ་གཏོང་བྱེད་ཀྱི་འཕྲུལ་འཁོར་ཉོས་པས། ཐུམ་སྒྲིལ་འཕྲུལ་ཆས་ཅན་དང་རང་འགུལ་ཅན་དུ་གྱུར་ཡོད། “སྨན་བཟོ་ཁང་གི་ལས་གནས་སུ་ད་ལྟ་མི་གསུམ་ལས་མི་དགོས་པ་དང་། འཕྲུལ་ཆས་ཀྱིས་ཉིན་ལྟར་རིལ་བུ་ཁྲི་3.8ཐུམ་གཏོང་ཐུབ་ཀྱི་ཡོད་”ཟེར། སྒྲིག་ཆས་སྤྱོད་འགོ་ཚུགས་པའི་དུས་སུ་རྟག་པར་ཁུག་མ་སྟོང་པ་དང་། ཐུམ་སྒྲིལ་གཏོང་སྟངས་ནོར་བ། དབུགས་ཤོར་བ་སོགས་ཀྱི་གནད་དོན་ཐོན་པ་དང་། ཉིན་གཅིག་ལ་རིལ་བུ་ཁྲི་2ལས་ཐུམ་སྒྲིལ་གཏོང་ཐུབ་ཀྱིན་མེད། ཕུར་མཚམས་གཅོད་ཀྱིས་སྒྲིག་ཆས་བཟོ་གྲྭ་དང་འབྲེལ་བ་བྱས་ནས་ཐག་གཅོད་ཀྱི་འཆར་གཞིར་ཡང་དང་བསྐྱར་དུ་ཞིབ་འཇུག་བྱས།
    ཕུར་མཚམས་གཅོད་ཀྱིས། གནད་དོན་ནི་ཁུག་མའི་འཕྲུལ་ཆས་འཁོར་སྐྱོད་བྱེད་པའི་དཔྱད་གྲངས་འགའི་སྟེང་དུ་ལྷགས་ཡོད་པ་རེད།  “མཉམ་འདུས་སྐྱི་ཐུམ་རྒྱུ་ཆ་སྐྱེལ་ཚད་དང་། འཁོར་སྡེར་གྱི་སྨན་སྐྱེལ་ཚད། སྨན་རིལ་གྱི་རྒྱུ་ཆའི་འབབ་ཚད་སོགས་དཔྱད་གྲངས་འགའ་ཕན་ཚུན་གཞོགས་འདེགས་བྱས་ན་ཐུམ་སྒྲིལ་བརྟན་པོར་ཡོང་ཐུབ། ཐོན་རྫས་ནི་རང་གཤིས་ཅན་ཞིག་ཡིན་པས། ང་ཚོ་རང་ཉིད་ཀྱིས་ཚོད་ལྟ་ལེགས་སྒྲིག་བྱེད་དགོས་”ཞེས་ཟེར། 
   ཁ་བཤད་སླ་ཡང་ལག་ལེན་དཀའ། ཐུམ་སྒྲིལ་འཕྲུལ་ཆས་ཀྱི་རིང་ཚད་ལ་སྨི་ཁ་ཤས་ཡོད་པས། ཕུར་མཚམས་གཅོད་དང་ལས་རོགས་ཚོས་འཕྲུལ་འཁོར་གྱི་མཐའ་ནས་བསྐོར་ཏེ་འགག་རྩའི་ལྷུ་ལག་མང་པོ་ཞིག་ལ་བལྟས་ནས་ཡང་ཡང་བསྡུར་བ་དང་། ལེགས་སྒྲིག་བྱེད་པའི་འཁོར་སྐྱོད་དཔྱད་གྲངས་ལ་བལྟས་ནས་བསྡུར་བ་བྱེད་ཀྱི་ཡོད་པ་རེད། ཟླ་བ་གཉིས་ཀྱི་རྗེས་སུ། འཕྲུལ་ཆས་ཆ་ཚང་གཉིས་ཀྱི་དཔྱད་གྲངས་ལེགས་སྒྲིག་ཚར་རྗེས། སྒྲིག་ཆས་འཁོར་སྐྱོད་བརྟན་པོ་བྱུང་བས། ཕུར་མཚམས་གཅོད་ཀྱང་བློ་བདེ་པོ་བྱུང་བ་རེད། 
    “ཕུན་མཚམས་གཅོད་ལས་ཀ་གྲོལ་ནས་ཁྱིམ་དུ་སླེབས་རྗེས། ཨ་མས་“ཁྱེད་རང་ནི་སྨན་སྦྱོར་བྱེད་མཁན་ཡིན་པས། ལས་ཀའི་ཁྲོད་ནན་པོ་དགོས་པ་རེད་”ཅེས་གསུངས། རྒྱུན་པར་ཨ་མས་ཇ་མོ་མངར་མོ་ཞིག་བཟོས་ནས་བུ་མོ་སྒུག་སྡོད་ཀྱིན་ཡོད། 
    2023ལོའི་ལོ་ཧྲིལ་པོར། བོད་སྨན་བདུད་རྩི་རིལ་བུའི་ཐོན་རྫས་ཏུན་75.79ཐོན་སྐྱེད་བྱས་ནས། ལས་གཉེར་གྱི་ཡོང་འབབ་སྒོར་དུང་ཕྱུར་2.4ཙམ་ཟིན་པ་དེ་དུས་མཚུངས་ལས་སོ་སོར་41.98%དང་15.83%འཕར་ཡོད་པ་རེད།
༄༅།།བོད་ཀྱི་གསོ་བ་རིག་པ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རྒྱས་བདེན་དཔང་བྱས།