འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་30ཉིན།

༄༅།།ས་མཐོར་ཚན་རྩལ་ཁྱབ་གདལ་བཏང་། འབྲི་གཡག་ཐོན་ལས་རིམ་སྤོར་བྱས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་30ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཚན་རྩལ་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཡང་ཡུས་ཧང་།
    བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་འབྲོག་ལས་རྫོང་འབའ་ཞིག་ཡིན་པའི་འདམ་གཞུང་རྫོང་གི་འབྲི་གཡག་གསོ་སྤེལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཚན་རྩལ་སྡེ་ཚན་གྱི་ཤུགས་ཆེའི་རོགས་སྐྱོར་འོག རྫོང་དེས་ཚན་རྩལ་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་འབྲི་གཡག་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་འཛུགས་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། ད་ཆ་དེ་གར“རྒྱུད་བཟང་གསོ་སྤེལ་དང་། ཚན་རིག་དང་མཐུན་པའི་གསོ་སྤེལ། བཤས་གཏོང་ལས་སྣོན། སྤུས་རྟགས་ཚོང་གཉེར”བཅས་ཀྱི་ཕྱོགས་བསྡུས་འཕེལ་རྒྱས་གཏོང་སྟངས་རིམ་བཞིན་ཆགས་ནས། འབྲི་གཡག་ཐོན་ལས་ཀྱི་སྤྱི་ཡོངས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མ་ཟད། ཁྲོམ་རའི་འགྲན་རྩོད་ནུས་པ་ཡང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
    འབྲི་གཡག་ནི་ས་མཐོའི་མཚོན་རྟགས་ཤིག་ཡིན་པ་མ་ཟད། ས་གནས་དེ་གའི་འབྲོག་པའི་དཔལ་འབྱོར་ཡོང་ཁུངས་གལ་ཆེན་ཞིག་ཀྱང་རེད། རང་བྱུང་ཆ་རྐྱེན་ཞན་པ་དང་ལག་རྩལ་རྗེས་ལུས་ཐེབས་པས་འབྲི་གཡག་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐབས་ཤིག་རིང་འགྲན་སློང་མང་པོ་འཕྲད་ཡོད། ད་ཆ་ཚན་རྩལ་གསར་གཏོད་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་སྦྲགས། གངས་ལྗོངས་ས་མཐོའི་འབྲི་གཡག་ཐོན་ལས་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་བཞིན་ཡོད་པ་རེད།
    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གསུམ་འཕྲེང་གྲོང་ཚོའི་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་དུ་ཚན་རྩལ་གསར་སྒྱུར་བྱེད་པའི་སྒང་རེད།
    གླིང་ཁུལ་གྱི་འགན་འཁུར་བ་ཧོང་དབྱི་ཁུའེ་ཡིས་གླིང་ཁུལ་གྱིས་དོན་དངོས་ལ་གཞི་ཚུགས་པ་དང་ཚན་རྩལ་གྱི་སྣེ་ཁྲིད་བརྒྱུད་གཟན་རྩྭ་འདེབས་འཛུགས་དང་། འབྲི་གཡག་གསོ་སྤེལ། ཚན་རིག་དང་མཐུན་པའི་གསོ་སྤེལ་སོགས་ཀྱི་ལྷུ་ཚིགས་གཞི་གཅིག་ཏུ་མཉམ་འདྲེས་བྱས་པས། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་ཡོད། ཚན་ཞིབ་པས་རྒྱུད་བཟང་དང་། སྒྲིག་བཀོད། འཚོ་བཅུད། ལག་རྩལ། རྣམ་པ་སོགས་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་བསྡུ་སྒྲིལ་བྱས་པས་རྟེན་གཞིའི་ལག་ཡོད་འབྲི་གཡག་མགོ་གྲངས་4000ཟིན་ཡོད་ཅེས་ངོ་སྤྲོད་བྱས།
    གླིང་ཁུལ་གྱིས་ཚན་རིག་དང་མཐུན་པའི་གསོ་སྤེལ་དང་ནུས་ཆེའི་གསོ་སྤེལ་སོགས་ཀྱི་ལག་རྩལ་བྱ་ཐབས་སྤྱད་དེ། འབྲི་གཡག་གི་ལྗིད་ཚད་ཉིན་རེར་ཁེ་750འཕར་བ་དང་གསོ་ཚགས་ཀྱི་དུས་འཁོར་ལོ་3ནས་4བར་ཐུང་དུ་ཕྱིན་ཡོད། ལག་རྩལ་པས་སྲོལ་རྒྱུན་གསོ་སྤེལ་ཁྲོད་ཀྱི“དབྱར་ཁར་འཚར་བ་དང་། སྟོན་ཁར་ཤ་ཤེད་རྒྱས་པ། དགུན་ཁར་སྐམ་པ། དཔྱིད་དུས་ཤི་བ”བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས། ས་མཐོའི་འབྲི་གཡག་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱས་ཡོད།
    བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་ནད་སྨན་བཅོས་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཀྲུའུ་ཡན་པིན་གྱིས་མིག་སྔར་གླིང་ཁུལ་དེར་ཚན་རྩལ་ཞབས་ཞུའི་ལས་དོན་སྤེལ་གྱི་ཡོད། ཁོང་གིས་གསར་འགོད་པར“ད་ཆ་གླིང་ཁུལ་ནང་ལོ་གཉིས་དང་ལོ་ཕྱེད་ཀྱི་གཡག་མང་ཆེ་བའི་ལྗིད་ཚད་སྤྱི་རྒྱ་300ཟིན་པ་དང་ལོ་གཉིས་ལྷག་ཙམ་གྱི་ཡ་རུར་བེའུ་སྐྱེ་འགོ་ཚུགས་པ་དེ་ནི་འབྲི་གཡག་གི་རྒྱུད་བཟང་ཐད་ཚད་བརྒལ་གལ་ཆེན་བྱུང་བ་ཞིག་ཡིན་ལ་ཚན་རྩལ་གསར་གཏོད་ཀྱིས་ཕྱུགས་ལས་ལ་ཐད་ཀར་ལེགས་སྐྱེས་ཕུལ་བ་ཞིག་ཀྱང་རེད”ཅེས་བཤད། འབྲི་གཡག་གི་ནད་རིགས་སྔོན་འགོག་དང་ཚོད་འཛིན་ཐད་གླིང་ཁུལ་ལའང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཚན་ཞིབ་པས་འབྲི་གཡག་གི་ནད་ཕོག་པའི་རྐྱེན་རྩ་དང་སྔོན་འགོག་ཚོད་འཛིན་ལག་རྩལ་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས། ཕན་ཆེ་དང་དུག་ཤུགས་ཆུང་བའི་རིམས་འགོག་སྨན་ཁབ་དང་སྨན་རྫས་གྲུབ་འབྲས་ཐོབ་པའི་སྒོ་ནས་ཞིབ་འཇུག་གསར་སྤེལ་བྱས་པས། འབྲི་གཡག་གི་ནད་ཕོག་ཚད་དང་ཤི་ཚད་ཆེས་ཆེར་ཉུང་དུ་ཕྱིན་ཏེ་འབྲི་གཡག་ཐོན་ལས་སྟོབས་ཆེར་འགྲོ་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད་པ་རེད།
    བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་ཁྲུའུ་དང་ཁང་གི་འགན་འཁུར་བས་འབྲི་གཡག་གི་རྒྱུད་པ་ལེགས་བཅོས་ཐད་ཚན་རྩལ་གསར་གཏོད་ཀྱིས་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཡོད། ཚན་ཞིབ་པས་རྒྱུད་བཟང་ནང་འདྲེན་བྱས་པ་དང་དེང་རབས་ཀྱི་སྐྱེ་དངོས་ལག་རྩལ་སྤྱད་དེ་རྒྱུད་འདྲེས་ལེགས་བཅོས་བྱས་ནས་སྐྱེ་འཚར་མགྱོགས་པ་དང་། ཤ་སྤུས་ལེགས་པ། འཕྲོད་ཤུགས་ཆེ་བ་བཅས་ཀྱི་འབྲི་གཡག་གི་རྒྱུད་པ་གསར་པ་གསོ་སྤེལ་བྱེད་ཀྱི་ཡོད། རྒྱུད་གསར་དེ་དག་གིས་འབྲོག་པའི་དཔལ་འབྱོར་ཡོང་འབབ་མང་དུ་སོང་བ་མ་ཟད། འབྲི་གཡག་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་མ་ཡང་ཐེབས་ཡོད་ཅེས་བརྗོད།
    “སྔོན་ཆད་འབྲི་གཡག་བརླགས་ཚེ་འབྲོག་པས་ཐབས་ཤེས་གང་ཡོད་བཏོན་ནས་འཚོལ་དགོས་ཀྱི་ཡོད། ད་ཆ་ངེས་གནས་ཡོ་བྱད་ཡོད་པས་སྐར་མ་ཕྱེད་ཀ་ཙམ་ཡང་མ་འགོར་བར་འཚོལ་ཐུབ་པ་མ་ཟད། ལག་ཐོགས་ཁ་པར་ཐོག་འབྲི་གཡག་གི་བདེ་ཐང་གནས་ཚུལ་ཡང་ལྟ་ཐུབ་ཀྱི་ཡོད། འགྱུར་ལྡོག་དེ་དག་དེང་རབས་ཚན་རྩལ་ལས་བྱུང་བ་ཞིག་རེད”ཅེས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ངར་ནང་ཤང་ལྷ་ཁང་གྲོང་ཚོའི་གསོ་སྤེལ་དུད་ཚང་ཟླ་བས་མྱོང་ཚོར་ཟབ་མོས་བཤད།
    2019ལོར་ལྷ་ས་ས་གཙང་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིས“དྲ་སྦྲེལ་+”དང་གྲངས་གཞི་ཆེ་མོ་སོགས་རྩེར་སོན་ལག་རྩལ་སྤྱད་དེ་རིག་ནུས་འབྲི་གཡག་དོ་དམ་མ་ལག་གསར་སྤེལ་བྱས་པ་རེད། མ་ལག་དེས་འབྲི་གཡག་གསོ་སྤེལ་དོ་དམ་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་བ་དང་། འབྲོག་པའི་ཕྱུགས་འཚོའི་དགོས་མཁོ་བསྐངས་པ། འབྲི་གཡག་བརླགས་པའི་སྣང་ཚུལ་ཡང་ཉུང་དུ་ཕྱིན་ཡོད་པ་རེད།
    “བོད་བྱང་ཤར་གྱི་འབྲི་གཡག་ཐོན་ལས་དར་རྒྱས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། 2023ལོར་བོད་ཀྱིས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སོགས་རྫོང་6གཙོ་བོར་བྱེད་པའི་འབྲི་གཡག་གི་ལེགས་ཆའི་ཁྱད་ལྡན་ཐོན་ལས་འདུས་ཚོགས་ཤིག་བཏོད་ཡོད། མིག་སྔར་རྒྱུད་སྤེལ་དང་། གསོ་སྤེལ། ལས་སྣོན། བྲིན་འཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་འབྲེལ་ཞིག་རགས་ཙམ་ཆགས་པ་མ་ཟད། ཚགས་ཤ་དང་དཀར་ཆུའི་ཐོན་རྫས་ཀྱི་ལས་སྣོན་ཁེ་ལས་ཀྱི་གྲགས་ཅན་སྤུས་རྟགས་མང་པོ་བཏོད་ཡོད། འབྱུང་འགྱུར་བོད་ཀྱིས་འབྲུ་བརྟན་དང་། འབྲོག་དར། ཁྱད་ལྡན་སྟོབས་ཆེ་བཅས་ཀྱི་འཕེལ་རྒྱས་ཐབས་ཇུས་ལ་མུ་མཐུད་བརྩི་སྲུང་ཞུ་བ་དང་། བོད་ཀྱི་འབྲི་གཡག་གི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཏོད་ཤུགས་ཆེ་རུ་གཏོང་བ། ཁྱད་ལྡན་སྤུས་རྟགས་ཀྱི་ཕན་ནུས་འདོན་སྤེལ་བཅས་བྱས་ཏེ་འབྲི་གཡག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད”ཅེས་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཁྲུའུ་ཡི་འགན་འཁུར་བས་བཤད།
   (《ཚན་རྩལ་ཉིན་རེའི་ཚགས་པར》གྱི་2024ལོའི་ཟླ་4ཚེས་22ཉིན་གྱི་པར་ངོས་3པ་ནས་བརྒྱུད་འགོད་བྱས་པ)