འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་30ཉིན།

༄༅།།བོད་ལྗོངས་ལྷོ་ཁའི“ཉིན་བརྒྱའི་འགག་སྒྲོལ”གྱིས་གྲོང་ཚོའི“གཟུགས་བརྙན”གསར་པར་གྱུར།

མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ཁག་106ལག་ལེན་བསྟར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་30ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་2024ལོའི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་བཀོད་སྒྲིག་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། ལྷོ་ཁ་གྲོང་ཁྱེར་གྱིས་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་བསྡུར་བྱེད་པ་དང་། ལེགས་པར་བྱ་དགའ་དང་ཞན་པར་ཆད་པ་གཅོད་པ། མ་དངུལ་འགན་ལེན་དང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་ཚང་མ་ཁོར་ཡུག་བཅོས་སྒྲིག་ནང་ཞུགས་པ་དང་མི་ཚང་མས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད། མིག་སྔའི་བར། གྲོང་ཁྱེར་རིམ་པས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་11བཏང་ནས་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ཁག་106ལག་བསྟར་བྱས་ཤིང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་ལ་མ་དངུལ་སྒོར་དུང་ཕྱུར་5ཙམ་བཏང་ནས“གསང་སྤྱོད་གསར་བརྗེ”དང་། གད་སྙིགས་གཙང་སེལ། བཙོག་ཆུ་གཙང་གསིང་། མི་ཕྱུགས་ལོགས་དབྱེ། “སྡོད་མལ་ཁྱིམ་གཞིས”ཀྱི་དཔེ་མཚོན་ཚོད་ལྟ་སོགས་ཀྱི་ལས་དོན་གཙོ་བོར་དམིགས་ནས“ཉིན་བརྒྱའི་འགག་སྒྲོལ”བཅོས་སྒྲིག་གི་མཐོ་རླབས་རྒྱུན་ཆད་མེད་པར་འཕྱུར་བར་བྱས་པས་བཅོས་སྒྲིག་གི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
   བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་ལས་འགན་ལ་དམིགས་ཏེ་མཉམ་དུ་འགག་སྒྲོལ་དཀའ་སེལ་བྱས་པས་དུད་ཚང་1500ཡི་གསང་སྤྱོད་སྒྱུར་བཅོས་ཀྱི་དམིགས་ཚད་ལེགས་གྲུབ་ཟིན་པ་དང་། མིག་སྔར་རིམ་རྩིས་བྱས་ན་གྲོང་ཁྱེར་ཡོངས་སུ་ཁྱིམ་སྤྱོད་གསང་སྤྱོད་ཁྲི་6.27ལྷག་ཙམ་ཟིན་ནས་གསང་སྤྱོད་ཁྱབ་གདལ་གཏོང་ཚད་88.91%ཟིན་ཡོད། འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོ་དང་འཇུ་གྲོང་ཚོ་དང་། རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོ་སོགས་གྲོང་གསེབ་ཁག་གཅིག་གི་གྲོང་ཚོ་ཧྲིལ་པོར་སྐམ་རློན་ལོགས་དབྱེའི་གསང་སྤྱོད་བསྐྲུན་ཡོད། གད་སྙིགས་གཙང་སེལ་ཐད་ལྷོ་ཁ་གྲོང་ཁྱེར་གྱིས“གྲོང་ཚོ་ནས་བླངས་ཏེ་ཤང་དུ་དབོར་བ་དང་རྫོང་ནས་གཙང་སེལ་བྱེད་པའི”ཐབས་ལམ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ད་དུང་གྲོང་ཚོ(སྡེ་ཁུལ)ཁག་ལ་གཙང་སྦྲའི་མི་སྣ་བཀོད་སྒྲིག་དང་ཀུང་སིས་ཚབ་གཉེར་བྱས་ཏེ་འགྱིག་ཤོག་ཏུན་8000ལྷག་ཙམ་གཙང་སེལ་བྱས་ནས་ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་ཁྱོན་ཡོངས་ལ་ཁྱབ་ཡོད། རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་སོགས་གྲོང་ཚོ(སྡེ་ཁུལ)བཅུ་ཆ་བདུན་ལྷག་ཙམ་གྱིས་རིགས་མི་འདྲ་བའི་གད་སྙིགས་བརྗེ་སའི་སྒོ་རྩིས་ཚོང་ཁང་བཙུགས་ནས་མང་ཚོགས་བཅོས་སྒྲིག་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་ལེགས་པར་བྱས་ཡོད།