འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་30ཉིན།

༄༅།།གངས་དཀར་ཕྱོགས་ལས་རྣམ་རྒྱལ་རི་འཛེག་ཚོགས་ཆེན་སྐབས་ཉེར་གཉིས་པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་30ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གངས་དཀར་ཕྱོགས་ལས་རྣམ་རྒྱལ་རི་འཛེག་ཚོགས་ཆེན་སྐབས་ཉེར་གཉིས་པ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ནན་ཅིང་། ཧྲེན་ཀྲེན། ཧང་ཀྲོའུ་སོགས་ནས་ཡོང་བའི་ཐེ་ཞུགས་པ་80ཡིས་ས་བབ་སྨི་6178ཡོད་པའི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རྩེ་མོར་འཛེག་རྒྱུ་རེད།
   ཁུ་ནུ་རི་བོའི་ཤར་རྒྱུད་ཀྱི་རི་བོ་མཐོ་ཤོས་ཤིག་ཡིན་པའི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་འདི་ཉིད་མཚོ་ནུབ་ཀྲོའུ་གོར་མོ་གྲོང་ཁྱེར་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་གཉིས་ཀྱི་སྦྲེལ་མཚམས་སུ་གནས་ཤིང་། ལོ་ཧྲིལ་པོར་གངས་གསོག་ཐེབས་པས་རི་མཐོའི་གངས་འཁྱགས་སྦྱོང་བརྡར་བྱ་ཡུལ་ཡག་པོ་ཞིག་རེད་ལ། རི་འཛེག་ཐོག་མར་སྦྱོང་མཁན་སློབ་མའི་ཉམས་ལེན་བྱ་ཡུལ་ཡག་པོ་ཞིག་ཀྱང་རེད།
    འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་དེའི་ནང་ཞུགས་མཁན་80ཡིས་འཕྲོད་སྦྱོང་བྱས་པ་དང་། ས་མཐོའི་ནད་གཞི་སྔོན་འགོག་གི་སློབ་ཚན་ཉན་པ། དེ་རྗེས་ཀྱི་ཉིན་འགའི་ནང་ད་དུང་འཁྱགས་ཀླུང་སྦྱོང་བརྡར་དང་དངོས་རྫས་གྲ་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ། སྔོན་དཔག་བྱས་ན་ཟླ་4ཚེས་30ཉིན་གངས་དཀར་ཕྱོགས་ལས་རྣམ་རྒྱལ་ལ་འཛེག་འགོ་འཛུགས་རྒྱུ། ཟླ་5ཚེས་2ཉིན་རྩེ་མོར་འཛེག་རྒྱུ་བཅས་རེད།
   “གངས་དཀར་ཕྱོགས་ལས་རྣམ་རྒྱལ་རི་འཛེག་ཚོགས་ཆེན་གྱིས་ཀྲུང་གོའི་དམངས་ཁྲོད་ཀྱི་རི་འཛེག་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བར་བདེན་དཔང་བྱས་ཡོད། ང་ཚོས་གངས་དཀར་ཕྱོགས་ལས་རྣམ་རྒྱལ་རི་འཛེག་ཚོགས་ཆེན་གྱི་སྤུས་རྟགས་དང་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་རྐང་ཐང་མར་སྐྱོད་པ་དང་། རྐང་འཁོར་བཞོན་ནས་སྐྱོད་པ། སྒར་བརྒྱབ་ནས་སྡོད་པ་སོགས་རྣམ་གྲངས་ཡག་པོ་སྤེལ་རྒྱུ་དང་ཆབས་ཅིག མཚོ་སྔོན་གྱི་སྐྱེ་ཁམས་ལེགས་ཆ་དེ་ཕྱི་རོལ་གྱི་ལུས་རྩལ་ལེགས་ཆ་དང་། ལུས་རྩལ་ཐོན་ལས་ཀྱི་ལེགས་ཆ། རྣམ་གྲངས་འཕེལ་རྒྱས་ཀྱི་ལེགས་ཆ། ལུས་རྩལ་ཡུལ་སྐོར་གྱི་ལེགས་ཆ་བཅས་སུ་བསྒྱུར་ཏེ། མཚོ་སྔོན་གྱི‘ཕྱི་རོལ་ཆེན་པོའི’ཐོན་ལས་ཀྱི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་རྒྱུ་ཡིན”ཞེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཝང་ཞ་ཡིས་བཤད།