འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་29ཉིན།

༄༅།།ལོ་ངོ་26རིང་མཐོ་སྒང་གི་སྦྲག་ལམ་དུ་བསྐྱོད་མཁན་བཟང་པོ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་29ཉིན། 16:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལོ་ངོ་26རིང་མཐོ་སྒང་གི་སྦྲག་ལམ་དུ་བསྐྱོད་མཁན་བཟང་པོ།
    བོད་ལྗོངས་མངའ་རིས་ས་ཁུལ་ལ“འཛམ་གླིང་ཡང་རྩེའི་ཡང་རྩེ་”ཞེས་འབོད་ཀྱི་ཡོད། དེ་གར་གངས་རི་དང་གྲོག་རོང། མི་མེད་ཁུལ་བཅས་བརྒལ་བའི་སྦྲག་ལམ་ཞིག་སྟེ་མངའ་རིས་ཀྱི་རིམ་པ་དང་པོའི་སྦྲག་ལམ་ཞིག་ཡོད། མངའ་རིས་ས་ཁུལ་སྦྲག་སྲིད་དོ་དམ་ཅུས་ཀྱི་ཐག་རིང་སྦྲག་སྐྱེལ་ཁ་ལོ་བ་བཟང་པོ་ནི་སྦྲག་ལམ་དེ་རུ་ལས་ཀ་ལོ་26ལ་བྱས་པ་དང་། སྦྲག་སྐྱེལ་གྱི་ལམ་ཚད་སྤྱི་ལེ་ཁྲི་430ཟིན་ཡོད། 
    དུས་རབས་20པའི་ལོ་རབས་90པར། སྦྲག་ལམ་དེ་མངའ་རིས་མཚོ་ཆེན་རྫོང་གི་བརྒྱུད་སྐྱེལ་ས་ཚིགས་ནས་འགོ་བཙུགས་ཏེ་རྫོང་མང་པོ་བརྒྱུད་མཐར། མཐའ་མའི་ས་ཚིགས་སྒར་རྫོང་བར་ལམ་རྐྱང་བའི་རིང་ཚད་ལ་སྤྱི་ལེ་800ཙམ་དང་ལམ་དུ་ཉིན་4དགོས་ཀྱི་ཡོད་ལ། གཟའ་འཁོར་རེར་རླངས་འཁོར་ཐེངས་རེ་གཏོང་གི་ཡོད། སྦྲག་སྲིད་སྐྱེལ་འདྲེན་གྱི་དགོས་མཁོ་ཆེ་རུ་ཕྱིན་པ་དང་བསྟུན་ནས། 2014ལོར་སྦྲག་སྐྱེལ་ལམ་ཐིག་གཞིས་རྩེ་གྲོང་ཁྱེར་བར་སྣུར་སྲིང་བྱས་ནས། གཟའ་འཁོར་རེར་འགྲོ་འོང་ཐེངས་4བར་མང་དུ་ཕྱིན་ཡོད་པ་རེད། 
“སྐབས་དེར་ལམ་ངོས་འབར་འབུར་ཡིན་པ་དང་། མཚམས་རེར་ལམ་ཕྱེད་དུ་སླེབས་རྗེས་ལམ་ཆད་པའི་གནས་ཚུལ་ལྷགས་ཀྱི་ཡོད། དེ་དུས་རང་ཉིད་ཀྱིས་ལམ་འཚོལ་དགོས་ཤིང་། ཆུ་ཚོད་གཅིག་ལ་སྤྱི་ལེ་20ཡང་འགྲོ་མི་ཐུབ།”བཟང་པོས་དེ་ལྟར་བཤད། 
    མངའ་རིས་ས་ཁུལ་ལ་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ལས་བརྒལ་བ་དང་། དགུན་དུས་ཀྱི་དྲོད་ཚད་དམའ་ཤོས་ལ་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ལྷག་ཙམ་ཟིན་གྱི་ཡོད། 1999ལོའི་ཟླ་2པར། མཚོ་ཆེན་ནས་སྒེར་རྩེ་བར་གྱི་སྦྲག་ལམ་དུ་གློ་བུར་དུ་ཁ་བ་ཆེན་པོ་བབས་པས། སྦྲག་སྲིད་རླངས་འཁོར་ཉིན་ཞག་གཅིག་རིང་དེར་ལུས། བཟང་པོ་མཚན་གང་བོར་གཉིད་མ་ཐུབ་པར། “ལྕགས་ཁེམ་གྱིས་ལམ་དུམ་བུ་ཞིག་ཕྱགས་རྗེས་རླངས་འཁོར་སྔོན་ལ་ནུར་ཙམ་དང་། ཁ་སྐོམ་ཚེ་ཁ་བ་ཞུ་རུ་བཅུག་ནས་ཇ་བསྐོལ་བ་ཡིན་”ཞེས་བཤད།
   སྦྲག་སྐྱེལ་གྱི་ལས་ཀ་འདེམས་དོན་ནི་མ་གཞི་སྦྲག་སྐྱེལ་རླངས་འཁོར་ལ་བཅངས་པའི་བརྩེ་དུང་ལས་བྱུང་བ་རེད། བཟང་པོ་ནི་མངའ་རིས་སྤུ་ཧྲེང་རྫོང་དུ་སྐྱེས་ཤིང་། བྱིས་དུས་སུ་སྦྲག་སྲིད་རླངས་འཁོར་ཁྱིམ་གྱི་སྒོ་འགྲམ་ནས་བསྐྱོད་ཐེངས་རེར། ཁོས་འགྲམ་དུ་སྦྲག་སྲིད་རླངས་འཁོར་གྱི་ཁ་ལོ་བ་ལྟར་ལག་པས་ཁ་སྒྱུར་ཚོད་འཛིན་བྱེད་པའི་རྣམ་པ་ལད་མོ་བྱེད་སྲིད།
    1998ལོར། བཟང་པོ་རང་གི་འདོད་བློ་ལྟར་ཐག་རིང་སྦྲག་སྐྱེལ་ཁ་ལོ་བ་ཞིག་ཏུ་གྱུར། སྐབས་དེར་ལག་འཁྱེར་ཁ་པར་མེད་པས་འཕྲིན་གཏོང་བྱེད་སྟབས་མི་བདེ། ལམ་ལ་ཞུགས་པ་ནས་“འབྲེལ་བ་ཆད་པའི་”གནས་སུ་གྱུར་འགྲོ་བས། ཁྱིམ་མིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། གཉེན་སྒྲིག་བྱས་རྗེས། ཆུང་མ་ཚེ་རིང་སྒྲོལ་དཀར་གྱིས་ནམ་རྒྱུན་ཁོ་རང་ནང་ནས་ཐོན་འགྲོ་སྐབས་“ཐེངས་འདིར་ཉིན་ག་ཚོད་ནས་ལོག་ཡོང་གི་ཡིན་མིན་”་སྐད་ཆ་འདྲི་སྲིད།
   མི་མེད་ཁུལ་གྱི་སྦྲག་ལམ་བརྒྱུད་སྐབས། མདུན་དུ་རྟེན་ས་མི་ཚང་དང་རྒྱབ་ཏུ་སྡོད་ས་མགྲོན་ཁང་སོགས་གང་ཡང་མེད་པས། དགོང་མོར་རླངས་འཁོར་ནང་བསྡད་ནས་ཟས་ཟ་བ་དང་གཉིད་ཉལ་བ། ཞོགས་པ་སྐྱ་རེངས་མ་གསལ་གོང་ནས་ལམ་ལ་ཆས་དགོས་ཀྱི་ཡོད། གལ་ཏེ་ལོ་གསར་རོལ་སྐབས་དང་ཐུག་ན། བཟང་པོས་གྲོང་མི་རྣམས་ལ་སུན་པོ་བཟོས་ཡོང་བསམ་ནས་གྲོང་ཚོར་གནས་ཚང་མི་འཚོལ་བར་རང་ཉིད་གཅིག་པུས་རླངས་འཁོར་ནང་ལོ་སར་བར་བྱེད། 
   རླངས་འཁོར་ལུང་ཁུག་ཏུ་སྡོད་སྐབས། ཧ་ཅང་མུན་ནག་ཚ་བས་ཁེར་རྐྱང་གི་ཚོར་བ་ཞིག་ངང་གིས་སྐྱེས་འོང་། འོན་ཀྱང་། ཁེར་རྐྱང་གི་ཚོར་བ་ནི་སྦྲག་ལམ་ཐོག་གི་རྒྱུན་ལྡན་གྱི་རྣམ་པ་ཞིག་རེད་ ”ཅེས་བཟང་པོས་དེ་ལྟར་བཤད། གྲོང་ཚོར་སླེབས་རྗེས། སྦྲག་དངོས་འབྱོར་བའི་གྲོང་མི་ཚོས་དགའ་སྤྲོ་ཆེན་པོས་བཟང་པོའི་ལག་པ་ནས་འཇུ་བ་དང་འཐམ་འཁྱུད་བྱས་ནས་“ཐུགས་རྗེ་ཆེ་”དང་“དཀའ་ལས་ཁག་སོང་”ཞེས་ཟེར་དུས། ཁེར་རྐྱང་དང་དཀའ་ཚེགས་ཀྱི་ཚོར་བ་ཚང་མ་ཡལ་འགྲོ། 
   2017ལོར། བཟང་པོར་རིག་ནུས་ལག་འཁྱེར་ཁ་པར་ཡོད་བྱུང་བས། སྦྲག་ལམ་གྱི་ཡུལ་ལྗོངས་ཟིན་ཐོར་འགོད་འགོ་བཙུགས་ཡོད། ལམ་འགྲམ་མཚམས་མཚམས་སུ་ཐོན་པའི་གཡུ་ཡི་མཚོ་མོ་དང་། ས་འོག་ཚ་ནུས་ཡོད་སར་ལང་ལོང་འཕྱུར་བའི་སྨུག་པ་དང་རླངས་པ།  “ལམ་བར་དུ་ད་དུང་གཙོད་དང་། དགོ་བ། རྐྱང་སོགས་ཀྱང་མཐོང་རྒྱུ་ཡོད།”
   ལས་ཀར་ཞུགས་པའི་ལོ་26རིང་། བཟང་པོས་མངའ་རིས་སྦྲག་ཐོག་སྐྱེལ་འདྲེན་གྱི་འཕོ་འགྱུར་ལ་བདེན་དཔང་བྱས་ཡོད། དུས་རབས་20པའི་ལོ་རབས་90པར། སྦྲག་སྐྱེལ་ནི་འཕྲིན་ཡིག་གཙོ་བོ་ཡིན་ལ། “གཟའ་འཁོར་རེར་ཁུག་མ་གཉིས་གསུམ་ཡོད་ཅིང་། ཁུག་མ་རེར་འཕྲིན་ཡིག་ཁག་སུམ་བརྒྱ་བཞི་བརྒྱ་ལྷག་ཡོད།” ཉེ་བའི་ལོ་འགའི་ནང་། དྲ་ཐོག་ནས་ཉོས་པའི་བཟའ་བཅའ་དང་། གྱོན་ཆས། མཁོ་ཟོག་བཅས་ཀྱིས་སྦྲག་སྲིད་རླངས་འཁོར་གང་བར་བྱས་ཡོད།
   2018ལོར། མངའ་རིས་ཀྱི་རིམ་པ་དང་པོའི་སྦྲག་ལམ་གཙོ་བོ་དེ་རིང་དུ་ཕྱིན་ནས། ལམ་རྐྱང་གི་རིང་ཚད་སྤྱི་ལེ་1800ཡི་ལྷ་སར་སླེབས་པ་དང་། དེ་ནི་བོད་ལྗོངས་ཀྱི་ལམ་ཐག་རིང་ཤོས་ཀྱི་སྦྲག་ལམ་དུ་གྱུར་ཡོད་ཀྱང་། ལམ་རྐྱང་གི་ལམ་ཐག་ཉིན་གཉིས་དང་ཕྱེད་ཀ་བར་དུ་ཐུང་དུ་ཕྱིན་པ་དང་། རླངས་འཁོར་ཀྱང་ཉིན་རེར་ཐེངས་རེ་གཏོང་གི་ཡོད། ལམ་བར་ཟ་ཁང་དང་རླངས་འཁོར་ཞིག་གསོ་ཁང་མང་དུ་ཕྱིན་པས། བཟང་པོ་ཡི་འགྲུལ་བཞུད་སྔོན་ཆད་ལས་ཅུང་བག་ཕེབས་བྱུང་ཡོད་པ་དང་། ཁོམ་དུས་ད་དུང་ནང་མི་དང་བརྙན་ལམ་ཐོག་ནས་ཁ་པར་བརྒྱབ་སྟེ་ཡུལ་ལྗོངས་མཉམ་སྤྱོད་བྱེད་ཐུབ་ཀྱི་ཡོད།
   2023ལོར། བཟང་པོས་ལོ་ཧྲིལ་པོར་སྐྱེལ་འདྲེན་བྱས་པའི་སྦྲག་རྫས་ཁྲི་418ལས་བརྒལ་ཡོད། 2024ལོའི་དུས་ཚིགས་དང་པོར། བོད་ལྗོངས་སྦྲག་སྲིད་ལས་རིགས་ཀྱི་སྐྱེལ་འདྲེན་ལས་སྒོའི་གྲངས་འབོར་ངོ་གྲངས་ཁྲི་4870.88ཟིན་པ་དེ་དུས་མཚུངས་ལས་9.59%འཕར་ཡོད་པ་རེད།
   ལམ་བདེ་རུ་ཕྱིན་པ་དང་རླངས་འཁོར་ཡང་མང་དུ་ཕྱིན་ཡོད། ལོ་འདི་གའི་རིང་། གཞོན་ནུ་མང་པོ་བོད་ལྗོངས་ཀྱི་སྦྲག་སྲིད་ལས་རིགས་སུ་ཞུགས་ཡོད། བཟང་པོས་ལས་རིགས་ནང་གསར་དུ་ཞུགས་མཁན་ལ་རྟག་ཏུ་“སྦྲག་སྲིད་ལས་རིགས་དང་མི་སེར་གྱི་འཚོ་བ་བར་འབྲེལ་བ་དམ་ཟབ་ཡོད་པ་དང་། ལྷག་པར་དུ་ཐག་རིང་ལུང་ཁུག་ལ་མཚོན་ན། ང་ཚོ་ནི་ས་གནས་དེ་གའི་ཡུལ་མི་གྲོགས་པོ་རྣམས་ཀྱི་བརྟེན་ས་རེད”ཅེས་བརྗོད་ཀྱི་ཡོད།
   ལས་ཀ་ལོ་26ལ་བྱས་པའི་“སྦྲག་སྲིད་པ་”རྒན་པ་ཁོང་གི་རང་མདངས་ཐོག་མཐའ་བར་གསུམ་དུ་འགྱུར་བ་བྱུང་མེད། “སྦྲག་ལམ་དེ་ནི་ངའི་འཚོ་བ་ཡིན”ཞེས་བཟང་པོས་དེ་ལྟར་བཤད། 
༄༅།།ལོ་ངོ་26རིང་མཐོ་སྒང་གི་སྦྲག་ལམ་དུ་བསྐྱོད་མཁན་བཟང་པོ།