འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་29ཉིན།

༄༅།།ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་ཕྱིན་སོང་།

—— ཁོ་ཐེ་ཏི་ཝོར་ནས་ཡིན་པའི་ཧྲའོ་ལིན་དྲག་རྩལ་གྲྭ་པ་ཞིག་དང་ཀྲུང་གོའི་དབར་གྱི་ལས་འབྲེལ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་29ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཅན།
    “ང་སྔར་ནས་བཟུང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་ཧ་ཅང་དགའ་པོ་ཡོད། ཆུང་དུས་ནས་ཨ་མར་རང་ཉིད་ནར་སོན་སྐབས་ཀྲུང་གོར་དྲག་རྩལ་སྦྱོང་བར་འགྲོ་གི་ཡིན་ཞེས་ཤོད་མྱོང་ཡོད། སྐབས་དེ་དུས་ཨ་མས་ང་ལ་ཡིད་ཆེས་གཏན་ནས་གནང་གི་མི་འདུག རང་ཉིད་དྲག་རྩལ་གྲྭ་པ་ཞིག་ལ་དངོས་སུ་གྱུར་སྐབས་ངས་ལམ་སེང་ཨ་མར་གཏམ་བཟང་དེ་བཤད་པ་ཡིན”ཞེས་ཁོ་ཐེ་ཏི་ཝོར་གྱི་ཕོ་གཞོན་མར་ཁེ་སི·གཡོད་ལང་ཏུའོ་ཡིས་བཤད།
    ཉིན་ཤས་གོང་། གཡོད་ལང་ཏུའོ་ཡིས་ཁོ་ཐེ་ཏི་ཝོར་ཨ་པི་རང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་སྤྲོ་སྣང་ཆེན་པོས་ཁོང་དང་ཀྲུང་གོའི་ལས་འབྲེལ་སྐོར་བཤད།
    གཡོད་ལང་ཏུའོ་དེ་སྔ་ཁོ་ཐེ་ཏི་ཝོར་པོ་ཝ་ཉི་སློབ་ཆེན་དུ་སློབ་སྦྱོང་བྱེད་མྱོང་ཡོད་པ་དང་ཁོང་རྟག་ཏུ་སློབ་གྲྭའི་ཁུང་ཙི་སློབ་གླིང་དུ་རྒྱ་ཡིག་སྦྱོང་བར་སྐྱོད་ཀྱི་ཡོད། 2016ལོའི་ལོ་མཇུག་ཏུ་ཁོང་ཀྲུང་གོའི་ཧོ་ནན་ཞིང་ཆེན་དུ་གནས་པའི་སུང་ཧྲན་ཧྲའོ་ལིན་དགོན་པར་དུས་ཡུན་ཟླ་བ་གསུམ་གྱི་སྤེལ་རེས་བྱེད་པར་ཡོང་། ད་ཐེངས་ཀྱི་ཉམས་མྱོང་ལས་ཁོང་གིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་དགའ་ཞེན་དེ་བས་ཆེ་རུ་ཕྱིན་ཡོད།
    2017ལོའི་ཟླ་7པར། ཁོང་བློ་འདོད་ལྟར་སླར་ཡང་སུང་ཧྲན་ཧྲའོ་ལིན་དགོན་དུ་ཡོང་། ཐེངས་འདིར་ལོ་ལྔ་ལྷག་ཙམ་བསྡད་པ་དང་ཁོང་གི་ཆོས་མིང“ཡན་མིང”ཞེས་བཏགས།
    ཞོགས་པ་རྒྱུག་ཤར་གློད་པ་དང་། དཔེ་ཆ་ཀློག་པ། དྲག་རྩལ་སྦྱོང་བ། སྒོམ་སྒྲུབ་བྱེད་པ་སོགས་ཧྲའོ་ལིན་དགོན་པའི་འཚོ་བ་ལས་ཡན་མིང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་དང་མྱོང་ཚོར་སྔར་བས་ཟབ་མོ་བྱུང་ཡོད། ཁོང་གིས“ཀྲུང་གོར་སློབ་སྦྱོང་བྱས་པ་དེས་རང་ཉིད་དེ་བས་རང་གཅུན་དང་འབད་བརྩོན་ཆེ་བར་གྱུར་སོང་། ཧྲའོ་ལིན་དགོན་པར་སྡོད་རིང་ངས་དུས་ཚོད་དམ་འཛིན་དང་། བརྩི་འཇོག དྲིན་ཚོར་བཅས་བྱེད་ལུགས་ཤེས་བྱུང”ཞེས་བཤད།
    ཡན་མིང་གིས་གསར་འགོད་པར་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱིས་རང་ཉིད་ལ་ཤུགས་རྐྱེན་ཆེ་ཤོས་ཐེབས་པའི་ཡིག་འབྲུ་བཞི་ནི“རྒྱལ་གཅེས་ཁྱིམ་ཞེན”ཞེས་པ་དེ་ཡིན། བསྟུན་མཁས་དང་གཏིང་དཔོག་དཀའ་བའི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་བློ་འབྱེད་འོག ངས་ཨ་ཧྥེ་རི་ཁ་དང་རང་ཉིད་ཀྱི་ནང་མིར་དེ་བས་དགའ་རུ་ཕྱིན་སོང་ལ། ཀྲུང་གོའི་རིག་གནས་ཨ་ཧྥེ་རི་ཁར་ཁྱབ་གདལ་གཏོང་རྒྱུའི་ཐོག་མའི་བསམ་འདུན་ཡང་སྔ་ཕྱི་བར་གསུམ་དུ་འཆང་བཞིན་ཡོད་ཅེས་བཤད།
    “ཙན་པི་ཡའི་ཧྲའོ་ལིན་རིག་གནས་ལྟེ་གནས་སུ་ང་ཚོས་འཚོ་བར་དཀའ་ངལ་ཡོད་པའི་དྭ་ཕྲུག་30ལྷག་ཙམ་ཉར་ནས་ཁོང་ཚོར་རྒྱ་ཡིག་དང་ཀྲུང་གོའི་དྲག་རྩལ་བསླབས་པ་ཡིན། འབྱུང་འགྱུར་ཁོང་ཚོས་ཀྲུང་གོར་མུ་མཐུད་སློབ་སྦྱོང་བྱེད་པར་བསྐྱོད་ནས་ཀྲུང་གོའི་མཛེས་སྡུག་ལྡན་པའི་རྣམ་པ་དག་ཨ་ཧྥེ་རི་ཁར་ཁྱབ་གདལ་བཏང་སྟེ་ཙན་པི་ཡ་དེ་བས་ལེགས་པའི་སྒོ་ནས་སྐྲུན་སྲིད”ཅེས་ཡན་མིང་གིས་བཤད།