འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་29ཉིན།

༄༅།།བོད་ལྗོངས་ནག་ཆུས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་འགྲན་
བསྡུར་རབ་དང་རིམ་པ་སྤེལ་བ།

རྩལ་ནུས་འགྲན་པ་དང་འཇོན་ཐང་སྦྱངས་ནས་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱེད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་29ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།
   མཚོ་བདེ་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་ལས་ཅན་གྲོང་ཚོའི་གྲོང་མི་ཡིན་པ་དང་། འགྲན་བསྡུར་ཞིག་གི་ནང་ཁོང་གི་རྩལ་ནུས་ལ་ཚང་མ་ཧང་སངས།
   “ངས་མི་གཞན་དང་འབྲེལ་འདྲིས་དེ་ཙམ་བྱེད་ཤེས་ཀྱི་མེད། དུས་རྒྱུན་རང་ཉིད་གཅིག་པུ་བྱ་བ་ཆུང་ཙག་ལ་མགོ་འཁོར་ནས་སྡོད་ཀྱི་ཡོད་པས། ང་སུ་ཡིན་ཧ་གོ་མཁན་མེད”མཚོ་བདེས་བསླས་འཐག་དང་དཀར་ཆུའི་ལས་སྣོན་སོགས་འགྲན་བསྡུར་རྣམ་གྲངས་མང་པོའི་ནང་ཨང་དང་པོ་བླངས་པས། ཚང་མའི་ཡིད་སྨོན་གྱི་མིག་ཟུང་ཁོ་མོའི་ཕྱོགས་སུ་ཅེར། གྲོང་ཚོར་འགྲན་བསྡུར་བྱེད་སྐབས་ཁོ་མོའི་རྩལ་ནུས་གཟེངས་སུ་ཐོན་པ་ལས་མཉམ་ལས་ཁང་ནང་བསྡུས་པ་མ་ཟད། ཡུན་རིང་མ་སོང་བར་མཉམ་ལས་ཁང་གི་རྐང་འཛིན་པར་གྱུར། མི་རིང་བའི་གོང་གྲོང་ཚོས་ཁོང་ལེའོ་ཉིང་དུ་གསོ་སྦྱོང་ལ་མངགས་པ་དང་རྩལ་ནུས་སློབ་སྦྱོང་བྱས་ཏེ་ངལ་རྩོལ་རྩལ་ནུས་སྔར་བས་ཆེ་རུ་བཏང་ཡོད།
    མཚོ་བདེ་ཞུགས་པའི་འགྲན་བསྡུར་ནི་ས་གནས་དེ་གས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་ཆེད་སྒྲིག་འཛུགས་བྱས་པའི་འགྲན་བསྡུར་རབ་དང་རིམ་པ་ཞིག་རེད། འགྲན་བསྡུར་དེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་སོགས་རིམ་པ་4སོ་སོར་སྤེལ་བ་དང་། འགྲན་བསྡུར་གྱི་ནང་དོན་ཁོངས་སུ་ཐོན་སྐྱེད་རྩལ་ནུས་རིགས་སོགས་ཁག་ཆེན་པོ་བཞི་ཚུད་ཡོད་པ་དང་ཁྱོན་རིགས་ཆེ་གྲས་14དང་ཞིབ་ཕྲའི་འགྲན་བསྡུར་གྱི་ནང་དོན་ཁག་29ཡོད་པ། རིམ་རྩིས་བྱས་ན་འགྲན་བསྡུར་ཐེངས་ཁྲི་3.4གཉེར་བ་དང་། འགྲན་བསྡུར་ནང་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་56ལྷག་ཙམ་དང་ལྟད་མོ་བ་མི་ཐེངས་ཁྲི་360ལྷག་ཙམ་ཟིན་ཡོད།
   འདས་ཟིན་པའི་ལོ་གཉིས་ནང་ད་དུང་མི་མི་ཉུང་བ་ཞིག་ལ་འགྲན་བསྡུར་བརྒྱུད་དེ་ངལ་རྩོལ་རྩལ་ནུས་ཆེ་རུ་ཕྱིན་ཡོད། དོན་གྲུབ་ནོར་བུ་ནི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ནས་ཡིན་པ་དང་། ཕ་ཡུལ་དུ་ཨར་སྐྲུན་ཁེ་ལས་ཤིག་གཉེར་བཞིན་ཡོད། ཁེ་ལས་ཀྱི་གཞི་ཁྱོན་འགྲིག་ཙམ་ཡོད་རུང་། དོན་གྲུབ་ནོར་བུས་ཇི་ལྟར་བྱས་ནས་ཤུགས་རྐྱེན་སྔར་བས་ཆེ་རུ་བཏང་སྟེ་མང་ཚོགས་དེ་བས་མང་བ་རང་ཉིད་དང་འདྲ་བར་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུའི་ཐད་བསམ་གཞིག་བྱེད་ཀྱི་ཡོད།
    2022ལོའི་འགྲན་བསྡུར་རབ་དང་རིམ་པ་སྤེལ་འགོ་ཚུགས་རྗེས་དོན་གྲུབ་ནོར་བུ་ནག་ཆུ་གྲོང་ཁྱེར་གྱི་སྐབས་དང་པོའི་བླུག་འཁོར་འགྲན་བསྡུར་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་རེད། འགྲན་བསྡུར་ནང་ཁོང་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་11གི་ཕུལ་བྱུང་འཐུས་མིའི་ཁྲོད་ནས་འཁོར་རྩལ་བྱང་ཆུབ་ཤོས་ཡིན་པས། བླུག་འཁོར་གཏོང་རྩལ་ཚོགས་ཆུང་གི་ཨང་དང་པོ་ཐོབ་ཡོད།
   འགྲན་བསྡུར་བརྒྱུད་སྔ་ས་ནས་ཕྱུག་འགྱུར་སྣེ་ཁྲིད་པ་ཡིན་པའི་དོན་གྲུབ་ནོར་བུའི་སྐད་གྲགས་སྔར་བས་ཆེ་རུ་སོང་ཡོད། འགྲན་བསྡུར་ནང་གྲུབ་འབྲས་བཟང་པོ་ཐོབ་པས་དོན་གྲུབ་ནོར་བུ་གྲོང་ཚོའི་ནང་གི་གཞོན་ནུ་མང་པོའི་མིག་དཔེ་ལྟ་སར་གྱུར་བ་དང་། ཁོང་ཚོས་དོན་གྲུབ་ནོར་བུའི་རྩལ་ནུས་ལ་སློབ་སྦྱོང་བྱེད་འདོད་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་གྲོང་ཚོའི་ནང་གི་གཞོན་ནུ་གསུམ་དགེ་ཕྲུག་ལ་ཉར་ནས་ཁོང་ཚོར་བླུག་འཁོར་གཏོང་རྩལ་བསླབས། ད་ཆ་ཁོང་ཚོར་ལོར་ཡོང་འབབ་སྒོར་ཁྲི་3.8ལྷག་ཙམ་རག་གི་ཡོད། “སླད་ཕྱིན་ངས་བླུག་འཁོར་གྱི་གསོ་སྦྱོང་བྱ་གཞག་ཡག་པོ་གཉེར་ནས་དགེ་ཕྲུག་མང་ཙམ་བསྡུས་ཏེ་མི་དེ་བས་མང་བར་རང་ཉིད་ཀྱི་རྩལ་ནུས་བསླབས་ནས། ཞིང་འབྲོག་མང་ཚོགས་དེ་བས་མང་བས་རྩལ་ནུས་ཁོང་དུ་ཆུད་པ་དང་མཉམ་དུ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་ཀྱི་ཡིན”ཞེས་དོན་གྲུབ་ནོར་བུས་བཤད།
    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་གཉིས་རིང་ནག་ཆུ་གྲོང་ཁྱེར་གྱིས་མུ་མཐུད་འགྲན་བསྡུར་རབ་དང་རིམ་པ་གཉེར་ནས་མང་ཚོགས་ལ་རིམ་རྩིས་བྱས་ན་འབབ་འཕར་སྒོར་ཁྲི་4050.5ཡོང་བར་སྐུལ་ཁྲིད་བྱས་པས། མང་ཚོགས་ཀྱིས་རིམ་རྩིས་བྱས་ན་བོད་ཀྱི་མཐོ་གྲང་ས་ཁུལ་གྱི་ཁྱད་ཆོས་དང་འཚམ་པའི་ཞིང་འབྲོག་གསར་སྤེལ་བརྩམས་ཆོས་ཁྲི་1.9ལྷག་ཙམ་བརྩམས་ཡོད། གཞན་ཡང་རིམ་སྤེལ་བྱེད་སྒོས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལས་དོན་ལ་ཤུགས་སྣོན་ཐེབས་ནས་མི་711ལས་ཞུགས་ཐུབ་པ་དང་མི་86གིས་ལས་གཏོད་བྱེད་པར་སྐུལ་འདེད་ཐུབ་ཡོད།
    “རྫོང་དང་གྲོང་གསེབ་ལ་ཁྱབ་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)རྟེན་གཞིར་བྱས་ནས་ནག་ཆུ་གྲོང་ཁྱེར་གྱིས་འགྲན་བསྡུར་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ལས་ཞིང་འབྲོག་པའི་བསམ་པའི་ཉམས་འགྱུར་མུ་མཐུད་ལེགས་སུ་ཕྱིན་ནས། ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཟབ་ཏུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ཞིག་ཏུ་གྱུར་ཡོད། བྱེད་སྒོ་དེས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སློང་གང་ལེགས་ཐུབ་པ་དང་། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་གསར་གཏོད་གསོན་ཤུགས་སྐུལ་སློང་ཐུབ་སྟེ། མིག་མཐོང་ལག་ཟིན་ཐུབ་པའི་བྱེད་སྒོའི་གྲུབ་འབྲས་རེ་རེར་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གྲོང་གསེབ་རིག་གནས་དར་རྒྱས་ཆེད་དོན་ཚོགས་ཆུང་གཞུང་ལས་ཁང་གི་འགན་འཁུར་བ་ཧྥན་ལེས་བཤད།