འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་29ཉིན།

༄༅།།2024ལོའི་མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་ཅང་སུའུ་རུ་སྤེལ་བའི་ཆེད་དོན་དྲིལ་བསྒྲགས་
འོས་སྦྱོར་ཚོགས་འདུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་29ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་། ཅང་སུའུ་ཞིང་ཆེན་གྱི་མཚོ་སྐྱོར་བཀོད་འདོམས་པུའུ། མཚོ་སྔོན་ཞིང་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཅང་སུའུ་ཞིང་ཆེན་ལས་དོན་རུ་ཁག མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“རི་ཆུའི་འགོ་ཁུངས། ཆེས་མཛེས་པའི་མཚོ་སྔོན། དྲིན་ཚོར་མདུན་སྐྱོད། ཅང་སུའུ་རུ་ཟོལ་མེད་གདན་འདྲེན་ཞུ། ཆེས་མཛེས་སྡུག་ལྡན་པའི་མཚོ་སྔོན་དུ་མཉམ་འཛོམས་བྱེད”ཅེས་པའི་2024ལོའི་མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་ཅང་སུའུ་རུ་སྤེལ་བའི་ཆེད་དོན་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ལི་ཀྲི་ཟློས་གར་ཁང་ཆེ་མོར་དངོས་སུ་འགོ་ཚུགས་ཡོད།
   འགོ་འཛུགས་མཛད་སྒོའི་ཐོག་རི་ཆུའི་འགོ་ཁུངས། ཆེས་མཛེས་པའི་མཚོ་སྔོན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་པར་གཞི་རེ་རེ་བཞིན་བསྟན་པས་རི་ཆུ་ཁྲི་སྟོང་ལས་གྲུབ་པའི་མཛེས་སྡུག་གིས་ལྟད་མོ་བ་མཚོ་སྔོན་ལ་སྐྱོད་འདོད་ཀྱི་འདུན་པ་ཆེས་ཆེར་ཕྱིན་ཞིང་། མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་དྲིལ་བསྒྲགས་ཕོ་ཉས་བརྩེ་བ་ཟབ་མོའི་སྐད་ཆ་ཤོད་པ་དང་། བརྙན་རིས་དང་ཐོན་རྫས་སྟོན་པའི་ཐོག་ནས་ཅང་སུའུ་ལ་མཚོ་སྔོན་འོས་སྦྱོར་གྱིས་མི་དེ་བས་མང་བ་མཚོ་སྔོན་དུ་ཡོང་ནས་དེའི་རི་རྒྱལ་ལྷུན་པོ་དང་གཙང་གསུམ་ཆུ་འགོའི་མཛེས་སྡུག་དང་། དེ་བཞིན་ས་མཐོའི་ས་གཞི་ཆེ་མོའི་སྣ་མང་རིག་གནས་དང་། གསར་བརྗེའི་ཁྲག་རྒྱུན། ལྗང་མདོག་གི་འགྱུར་ལྡོག ཞི་མཐུན་གྱི་རྣམ་པ་བཅས་མྱོང་རོལ་བྱེད་པར་གདན་དྲངས་ཡོད།
   གཅིག་སྡུད་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་རིག་གནས་ཡུལ་སྐོར་དང་། ཞིང་འབྲོག ནགས་ལས། ལུས་གསོ། ངལ་ནུས་ཕྱིར་གཏོང་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བའི་རྣམ་གྲངས་21ལ་མིང་རྟགས་བདེ་བླག་བཀོད་པ་དེས། མཚོ་སྔོན་དང་ཅང་སུའུ་དབར་གྱི་ཐོན་ལས་མཉམ་འདྲེས་དང་སྦྲེལ་མཐུད་གཏིང་ཟབ་ལ་སྐུལ་འདེད་དང་། “ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། ཕན་ཚུན་སྐུལ་འདེད། མཉམ་དུ་མཐོར་གཏོང”བཅས་ཀྱི་མཉམ་ལས་མ་ལག་ཅིག་ཧུར་ཐག་གཏོད་ཆེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ཆེན་པོ་སྣོན་རྒྱུར་སྐུལ་མ་ཐེབས་ཡོད། མཇུག་ཏུ་མཚོ་སྔོན་མི་དམངས་ཀྱིས་དྲིན་ཚོར་དང་འབད་འབུངས་མདུན་སྐྱོད་ཀྱི་བརྩེ་བ་ཟབ་མོ་བཅངས་པའི་རིག་རྩལ་ཆེད་དོན་འཁྲབ་སྟོན་བྱས་པས་འོས་སྦྱོར་ཚོགས་འདུའི་མཐོ་རླབས་རབ་ཏུ་འཕྱུར་ཡོད།