འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་25ཉིན།

༄༅།།ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་
གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། སྲུང་སྐྱོང་ཆེན་པོ་དང་། སྒོ་དབྱེ་ཆེན་པོ། སྤུས་ཚད་མཐོ་བའི་
འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་སྔར་བས་ཆགས་པར་བྱས་ནས་ནུབ་རྒྱུད་
ཐོན་འབྱེད་ཆེ་མོའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

——ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཞུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་25ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་4ཚེས་23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གསུང་བཤད་གལ་ཆེན་གནང་བ།
ཟླ་4ཚེས་23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གསུང་བཤད་གལ་ཆེན་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ནུབ་རྒྱུད་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པས། ཏང་ཀྲུང་དབྱང་གིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱས་ཏེ་སྲུང་སྐྱོང་ཆེན་པོ་དང་། སྒོ་དབྱེ་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་སྔར་བས་ཆགས་པར་བྱེད་པ་དང་། ས་ཁོངས་ཧྲིལ་པོའི་སྟོབས་ཤུགས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལེའུ་གསར་པ་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
     བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཧྲན་ཅེ་དང་། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཅ་ཅུན། སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཞའོ་ཧུའེ། ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་དབྱི་ཏེ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་མ་ཤིང་རུའེ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་ལས་དོན་གནས་ཚུལ་སྙན་སེང་ཞུས་པ་མ་ཟད། བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད། བཞུགས་མོལ་ཚོགས་འདུར་ཞུགས་མཁན་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་འགན་འཁུར་བློ་མཐུན་གཙོ་བོས་ཡིག་ཐོག་གི་གཏམ་བཤད་ཕུལ་བ་རེད།
     ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བར་རྣམ་པ་གསར་པ་ཆགས་པར་བྱེད་དགོས་པའི་ཐད་བཀོད་སྒྲིག་གནང་ནས་ལོ་5སོང་རིང་། ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སླར་གསོར་གྲུབ་འབྲས་ཆེན་པོ་ཐོབ་པ་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་རྣམ་པ་མགྱོགས་མྱུར་བསྐྲུན་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། 
     དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་ལམ་གསར་པར་བསྐྱོད་ཡོད། དེ་དང་ཆབས་ཅིག་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པས། ཞིབ་འཇུག་ཐག་གཅོད་ཏན་ཏིག་བྱེད་དགོས་པ་མཐོང་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་གསར་དར་ཐོན་ལས་འཕེལ་རྒྱས་བཏང་སྟེ། ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་སྣོན་རྒྱག་པ་དང་མཐོ་རིམ་ཚན་རྩལ་གསར་གཏོད་ཀྱི་ཤེས་ལྡན་པ་གསོ་སྦྱོང་དང་། གདན་ཞུ། བེད་སྤྱོད་ཡག་པོ་བཅས་བྱས་ཏེ། འགག་རྩ་དང་ལྟེ་བའི་ལག་རྩལ་ཁག་གཅིག་འགག་སྒྲོལ་ཧུར་ཐག་བྱེད་དགོས། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ཀྱི་ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་ཤུགས་ཆེར་བཏང་ནས་རྒྱལ་ཁབ་ཀྱི་རང་རྟེན་གསར་གཏོད་ཀྱི་དཔེ་སྟོན་ཁུལ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་དཔེ་སྟོན་ཁུལ་ཡག་པོ་བསྐྲུན་དགོས། སྲོལ་རྒྱུན་ཐོན་ལས་ལག་རྩལ་སྒྱུར་བཀོད་བྱེད་མགྱོགས་སུ་གཏོང་བ་དང་། གཙོ་གནས་ལས་རིགས་ཀྱི་སྒྲིག་ཆས་གསར་བརྗེས་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ལེགས་ཆའི་ཐོན་ལས་རིམ་སྤོར་དང་། སྤུས་ཚད་མཐོར་གཏོང་། ཕན་འབྲས་ཆེར་གཏོང་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོན་ཁུངས་ཀྱི་ཕྱོགས་བསྡུས་སྤྱོད་ཚད་དང་ཐོན་རྫས་ཀྱི་ལས་སྣོན་ཞིབ་ཚགས་སུ་གཏོང་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་ཁེ་ལས་དང་ནུབ་རྒྱུད་ས་ཁུལ་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཡུལ་སྐོར་སོགས་ཞབས་ཞུའི་ལས་རིགས་དག་ས་ཁོངས་ཀྱི་ཀ་རྟེན་ཐོན་ལས་སུ་བསྐྲུན་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། དེང་རབས་བཟོ་སྐྲུན་ལས་རིགས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཚོལ་ཞིབ་དང་འཕེལ་རྒྱས་གཏོང་བ། འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་དང་སྐྲུན་པ་བཅས་བྱས་ཏེ། ས་ཁུལ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆགས་པར་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་བཅད་བརྟན་དུ་གཏོང་དགོས། རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་གསར་སྤེལ་དང་སྲུང་སྐྱོང་བྱེད་པའི་རྣམ་པ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁུལ་ཕྱེ་ནས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཀྱི་མ་ལག་གལ་ཆེན་སྲུང་སྐྱོང་དང་སླར་གསོའི་འདུ་འགོད་གལ་ཆེན་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། “བྱང་གསུམ”འདུ་འགོད་ཀྱི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་དགོས། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་འཇོན་ཐང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། གཙོ་གནད་ས་ཁོངས་དང་གཙོ་གནད་ཁྱབ་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲོལ་རྒྱུན་ཐོན་ལས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་སྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རྡོ་སོལ་དྭངས་གཙང་དང་ཕན་ཆེ་སྤྱོད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་སྲོལ་དང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒོ་དབྱེ་ཆེན་པོར་བརྟེན་ནས་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ནུབ་རྒྱུད་ས་ཁུལ་གྱི་ནང་ཁུལ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་སྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ལམ་རྒྱུད་ས་ཁུལ་གསར་སྤེལ་དང་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་བཏང་སྟེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མཉམ་འདྲེས་གཏིང་ཟབ་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་གླིང་སྣ་ཚོགས་དང་། མཐའ་མཚམས་དཔལ་འབྱོར་གྱི་མཉམ་ལས་ཁུལ། རྒྱལ་སྒྲོལ་དཔལ་འབྱོར་མཉམ་ལས་ཁུལ་བཅས་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་བཏང་ནས། རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལམ་ལུགས་ཅན་གྱི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་བཏང་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས། སྦྲེལ་མཐུད་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལ་དེ་བས་རང་འགུལ་སྒོས་་ཞབས་འདེགས་ཞུ་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པ། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ཀྱི་སྒོ་དབྱེའི་ལས་སྟེགས་ཀྱི་སྦྲེལ་མཐུད་ལམ་སྲོལ་གསར་གཏོད་བཅས་བྱས་ནས་ཤར་དབུས་རྒྱུད་དང་བྱང་ཤར་ས་ཁུལ་གྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་དང་བདེ་འཇགས་གཉིས་སྤྱི་འདོམས་མཐའ་འཁྱོངས་བྱས་ཏེ་ནུས་རྒྱུ་དང་ཐོན་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་གྱི་འཇོན་ཐང་ཆེ་རུ་གཏོང་དགོས། ནུས་རྒྱུ་གསར་པའི་མ་ལག་སྐྲུན་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་ནུས་རྒྱུའི་རྟེན་གཞི་གལ་ཆེན་ཁག་གཅིག་རྒྱ་སྟོབས་ཆེ་རུ་གཏོང་དགོས། མདོང་ལམ་དྲ་བ་ཕན་ཚུན་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས“ནུབ་གློག་ཤར་སྐྱེལ”གྱི་འཇོན་ཐང་ཆེ་རུ་གཏོང་དགོས། གཏེར་ཁའི་ཐོན་ཁུངས་འཆར་འགོད་དོ་དམ་ཚོད་འཛིན་དང་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན་གྱི་གསར་སྤེལ་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་རིམ་པའི་གཏེར་ཁའི་ཐོན་ཁུངས་སྔོག་འདོན་དང་ལས་སྣོན་གྱི་རྟེན་གཞི་ཁག་གཅིག་མགྱོགས་མྱུར་ཆགས་པར་བྱེད་དགོས། ཆུའི་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། ས་ཁུལ་སྒྲོལ་བའི་ཐོན་ལས་མཉམ་ལས་དང་བཀོད་སྒྲིག་ལེགས་སྒྱུར་གྱི་ལམ་སྲོལ་གསར་གཏོད་བྱས་ནས་ཐོན་ལས་ཀྱི་སྐས་རིམ་གཞན་སྒྱུར་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་བྱེད་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཡུག་འབྲེལ་གྲོང་ཚོགས་སྐྱེད་སྲིང་ཧུར་ཐག་བྱེད་པ། ཞིང་ཆེན་ཁོངས་གཏོགས་ཀྱི་ལྟེ་བའི་གྲོང་ཁྱེར་ཕལ་པ་ཁག་གཅིག་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ། གྲོང་ཁྱེར་ཕན་ཚུན་དབར་གྱི་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་དང་སྤྱི་པའི་ཞབས་ཞུ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་གཏོང་རིང་དམངས་འཚོར་འགན་སྲུང་དང་ལེགས་སུ་གཏོང་དགོས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་འགོར་བའི་ས་ཁུལ་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ལ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། “འདུ་འགོད་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་བྱེད་ཐབས་གཏོད་དགོས། རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་རྫོང་སྟོབས་ཆེན་དང་། བཟོ་ལས་རྫོང་ཆེན། ཡུལ་སྐོར་རྫོང་གྲགས་ཅན་བཅས་ཁག་གཅིག་སྐྱེད་སྲིང་བྱེད་པ། ཞིང་པ་མང་ཚོགས་ཐག་ཉེ་སར་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་འདེད་བཏང་སྟེ། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཞིང་ཞོར་ཐོན་རྫས་གལ་ཆེན་རིགས་ཐོན་སྐྱེད་བརྟན་པོ་ཡོང་བ་དང་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་ཡག་པོ་འཁུར་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ་དང་གོམས་སྲོལ་བསྒྱུར་བར་སྐུལ་འདེད་བཏང་ནས། དུས་རབས་ཀྱི་སྤྱོད་ཚུལ་གསར་པ་དང་རྣམ་པ་གསར་པ་སྐྱེད་སྲིང་བྱེད་དགོས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་དུ་འགྱུར་བ་བཅས་བྱས་ཏེ། གཞི་རིམ་བརྟན་ལྷིང་དང་མང་ཚོགས་བདེ་འཇགས་ཡོང་བར་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། མི་རིགས་ས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ལག་བསྟར་བྱེད་དགོས། དམངས་འཚོར་དམ་པོར་དམིགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དམངས་འཚོའི་མཐའ་ཚད་བརྟན་པོར་སྲུང་བ་བཅས་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། རེ་སྒུག དཀའ་ངལ། སེམས་ཁྲལ་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་དང་ལག་ལེན་གནད་སྨིན་བསྟར་ཏེ་མཉམ་བསྲེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་སྐྲུན་མགྱོགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྤྱོད་མུ་མཐུད་བཅོས་སྒྲིག་བྱེད་དགོས། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་བཏང་སྟེ། མཐའ་མཚམས་ཀྱི་མང་ཚོགས་ཕྱུག་འགྱུར་དང་། མཐའ་མཚམས་མཛེས་སྡུག་ལྡན་པ། མཐའ་མཚམས་བརྟན་ལྷིང་། མཐའ་མཚམས་སྲ་བརྟན་བཅས་མངོན་འགྱུར་ཧུར་ཐག་བྱེད་དགོས།
     མཇུག་ཏུ་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་ལ། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱིས་དམིགས་སའི་རང་བཞིན་གྱི་སྲིད་ཇུས་དང་བྱ་ཐབས་ཞིབ་འཇུག་བྱས་ནས་འདོན་དགོས། ནུབ་རྒྱུད་ས་ཁུལ་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་འཁུར་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། ཤར་ནུབ་རྒྱུད་ཀྱི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁ་གཏད་རོགས་སྐྱོར་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱས་ནས། ཕྱི་ཚུལ་རིང་ལུགས་མུ་མཐུད་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། ཐབས་ཇུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྲིད་ཇུས་གལ་ཆེན་དང་ལྷག་པར་དུ་དམངས་འཚོ་དང་འབྲེལ་བའི་སྲིད་ཇུས་མ་བཏོན་གོང་རིགས་པས་ཁུངས་སྐྱེལ་གང་ལེགས་དང་ཉེན་ཁར་ཚོད་སྐོར་བྱས་ཏེ། ལག་ལེན་བསྟར་རིང་ཐོན་པའི་གནད་དོན་དུས་ཐོག་ཏུ་བརྟག་དཔྱད་དང་སེམས་ཐག་གཙང་བཅད་ཀྱིས་ཐག་གཅོད་བྱེད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་སྐྲུན་པ་དང་། དཔྱད་ཞིབ་ལྕག་སྐུལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་ལས་བྱེད་པ་དང་ལྷག་པར་དུ་ཆ་རྐྱེན་ཞན་པ་དང་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བཅས་བྱས་ནས། ལས་བྱེད་པས་འབད་འབུངས་ཡར་བརྩོན་དང་། བློ་ཁོག་ཆེན་པོས་གསར་འབྱེད། ཐེག་པ་འཁུར་ལེན་བཅས་བྱེད་པར་སྐུལ་ལྕག་བྱེད་དགོས།
     ལི་ཆང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཕུགས་ལ་དམིགས་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་ངེས་གནས་བསམ་གཞིག་དང་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ལ། ཞིབ་ཕྲ་ནས་དམ་འཛིན་བྱས་ཏེ་ས་གནས་ཁག་གི་རང་སྤུས་ཀྱི་ཆ་རྐྱེན་དང་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་སོགས་ཀྱི་ཧེ་བག་ལ་གཞིགས་ནས་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར་ཡང་བྱེད་དགོས། ཁྱད་ལྡན་ལེགས་ཆར་གཞི་ཚུགས་ནས་ས་ཁོངས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཕར་གཞི་ཆེ་ཤོས་སྔར་བས་མང་བ་སྐྱེད་སྲིང་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ། དམིགས་བསལ་རིགས་ཀྱི་ས་ཁུལ་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་བ། ས་གནས་ཀྱི་བུ་ལོན་ཉེན་ཁ་སེལ་བ་དང་བརྟན་ལྷིང་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བཅས་བྱེད་དགོས། ནང་ཁུལ་དང་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་བ་དང་། རང་འགུལ་ངང་རྒྱལ་ནང་གི་ས་ཁོངས་གཞན་དག་གི་འཐབ་ཇུས་དང་སྦྲེལ་མཐུད་བྱེད་པ། རྒྱལ་སྤྱིའི་འཁོར་རྒྱུག་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས། ནུབ་རྒྱུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས།
     ཏིང་ཤུའེ་ཞང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཡག་པོ་འཁུར་བ་དང་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་བརྒྱབ་ནས། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་གཏོང་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ་དང་གནད་སྨིན་དང་། ཚན་རིག་དང་མཐུན་པ། ཁྲིམས་ལྟར་བཅས་ཀྱི་སྒོ་ནས་སྦགས་བཙོག་བཅོས་སྒྲིག་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་དགོས། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཐཱན་ཉུང་ལ་ཕྱོགས་སྒྱུར་བྱེད་པར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་བརྟན་པོ་གཏོང་དགོས།
     (སྒྱུར་ཞུས་པ་པ་སངས་དང་། དབང་སྒྲོལ་སྐྱིད། བསྟན་བཟང་། མཚམས་གཅོད) 
ཟླ་4ཚེས་23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གསུང་བཤད་གལ་ཆེན་གནང་བ།
ཟླ་4ཚེས་23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གསུང་བཤད་གལ་ཆེན་གནང་བ།