འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་23ཉིན།

༄༅།།ལེའོ་ཉིང་ཞིང་ཆེན་ཐེ་ལིང་གྲོང་ཁྱེར་ཁྲང་ཐུའུ་རྫོང་གིས་ཚན་རྩལ་ལ་བརྟེན་ནས་ས་རྒྱུའི་སྐྱེ་ལྡན་རྫས་བཅུད་འདུས་ཚད་མཐོ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་23ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཞིང་ལས་སྐྱེ་དངོས་འདེབས་རྒྱ་མུའུ་ཁྲི་489.7ཟིན་པའི་ལེའོ་ཉིང་ཞིང་ཆེན་ཐེ་ལིང་གྲོང་ཁྱེར་ཁྲང་ཐུའུ་རྫོང་ནི་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་ཞིག་ཡིན་མོད། འོན་ཀྱང་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་ཁྲང་ཐུའུ་རྫོང་གི་ས་ནག་ཐུག་ཚད་ཅུང་སྲབ་པ་དང་ཆ་སྙོམས་བྱས་ན་ལི་སྨི་20ཙམ་ལས་ཟིན་གྱི་མེད། དེས་ན་ས་རྒྱུའི་སྐྱེ་ལྡན་རྫས་བཅུད་འདུས་ཚད་མཐོ་རུ་གཏོང་རྒྱུ་དེ་ཡུལ་དེའི་ས་ནག་སྲུང་སྐྱོང་གི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། 
     “ཉེ་བའི་ལོ་གཉིས་རིང་། ཁྲང་ཐུའུ་རྫོང་གི་ལོ་རེའི་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་53ཙམ་ནས་རྒྱ་མ་དུང་ཕྱུར་55ཡན་བར་འཕར་བའི་རྒྱུ་རྐྱེན་གཙོ་བོ་ནི་རྨོ་ཞིང་གི་སྐྱེ་ལྡན་རྫས་བཅུད་འདུས་ཚད་མུ་མཐུད་མཐོ་རུ་བཏང་ནས་ས་རྒྱུ་གཤིན་དུ་བཏང་བས་རེད”ཅེས་ཀྲུང་གོ་ཚན་རིག་ཁང་ཧྲེན་དབྱང་ཉེར་སྤྱོད་སྐྱེ་ཁམས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཁྲང་ཐུའུ་རྫོང་གི་རྫོང་དཔོན་གཞོན་པ་ཞེ་ཧུང་ཐུའུ་ཡིས་བཤད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཚན་རིག་ཁང་གི་ཞིབ་འཇུག་ཚོགས་པས་ས་གནས་དེ་གའི་ལག་རྩལ་མི་སྣ་དང་འབྲུ་རིགས་འདེབས་མཁན་དུད་ཚང་ཆེ་གྲས་དང་མཉམ་དུ་འགག་སྒྲོལ་བྱས་ཏེ། ས་གནས་དེ་གའི་ས་བབ་དང་བསྟུན་ནས་ཞིང་ཁ་འདེབས་པ་དང་སྐྱེ་ལྡན་ལུད་བསྙལ་ནས་ཞིང་ཁར་རྒྱག་པ་སོགས་ཀྱི་ལག་རྩལ་ཁྱབ་སྤེལ་བཏང་ཡོད།
     ཁྲང་ཐུའུ་རྫོང་གི་གྲོང་རྡལ་རྙིང་པ་ཧྲེང་ལི་གྲོང་ཚོའི་རྨོ་ཞིང་དུ་ལས་ཀ་བྱེད་བཞིན་པའི་ཀྲང་ཅུན་གྱིས“ས་ཆ་འདིའི་ཐོག་ལངས་ནས་སྡོད་སྐབས་སྲིང་བལ་གྱི་ཕོ་ཁེབས་སྟེང་ལ་བསྡད་པ་དང་འདྲ་པོ་འདུག ང་ཚོས་བཞའ་སྲུང་ཐན་འགོག་བྱེད་པ་དེ་ལོ་ལེགས་ཡོང་བར་ཕན་ཐོགས་ཡོད”ཅེས་བཤད། དེ་ནས་བར་ཐག་མི་རིང་བའི་སར་ལུད་གཏོར་རླངས་འཁོར་གྱིས་སྐྱེ་ལྡན་ལུད་ཁོད་སྙོམས་པོས་རྨོ་ཞིང་དུ་གཏོར་བཞིན་ཡོད། 
     ཉེ་བའི་ལོ་ཤས་རིང་། ཁྲང་ཐུའུ་རྫོང་གིས་ཕྱུགས་རིགས་ཀྱི་ལུད་དང་བྱ་བྲུན་བསྡུ་རུབ་བེད་སྤྱོད་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། གསོ་སྤེལ་ར་བའི་དུད་ཚང་གཙོ་བོར་བྱས་པའི་ཁར་ཕུང་གསུམ་པའི་ཞབས་ཞུའི་རྩ་འཛུགས་དང་། འདེབས་འཛུགས་མཉམ་ལས་ཁང་། སྐྱེ་ལྡན་ལུད་བཟོ་གྲྭ་བཅས་དང་སྦྲེལ་མཐུད་དམ་ཟབ་བྱས་ནས་འདེབས་གསོ་ཟུང་འབྲེལ་དང་ལྗང་མདོག་འཁོར་རྒྱུག་གི་ཞིང་ལས་འཕེལ་རྒྱས་བཏང་ཡོད། འདི་ལོ་ཁྲང་ཐུའུ་རྫོང་གིས་སྒོ་ཕྱུགས་དང་བྱ་བྲུན་གཅིག་སྡུད་ཀྱིས་ཞིང་ཁར་ཏུན་ཁྲི་110བརྒྱབ་པ་དང་ལེ་ལག་ཚང་བའི་ལུད་བསྐྱར་རྒྱག་རྒྱ་ཁྱོན་མུའུ་ཁྲི་30ལྷག་ཙམ་ཟིན་ཡོད། མིག་སྔར་འཕྲུལ་ཆས་ཀྱིས་ཞིང་ལུད་རྒྱག་འགོ་ཚུགས་ཤིང་། ཁྲང་ཐུའུ་རྫོང་གི་ས་ནག་ཐོག་སྐྱེལ་འདྲེན་རླངས་འཁོར་དང་། ས་རྐོ་འཕྲུལ་འཁོར། སྐྱེ་ལྡན་ལུད་གཏོར་རླངས་འཁོར་སོགས་གང་སར་མཐོང་རྒྱུ་ཡོད། ན་ནིང་ཟླ་11པར། ཀྲུང་གོ་ཚན་རིག་ཁང་ཧྲེན་དབྱང་ཉེར་སྤྱོད་སྐྱེ་ཁམས་ཞིབ་འཇུག་སུའོ་ཁྲང་ཐུའུ་དེང་རབས་ཞིང་ལས་ཚོད་ལྟ་ས་ཚིགས་ཁྲང་ཐུའུ་རྫོང་དུ་བཙུགས་པ་རེད། “འདི་ལོའི་ཟླ་4པར་དཔྱིད་འདེབས་འགོ་ཚུགས་ཚུན། ཀྲུང་གོ་ཚན་རིག་ཁང་གིས་ལོ་ལྟར་ཚན་རིག་ཞིབ་འཇུག་པ་50ཁྲང་ཐུའུ་རྫོང་དུ་དེང་རབས་ཞིང་ལས་ཞིབ་འཇུག་དང་། དཔེ་སྟོན། ལག་རྩལ་ཁྱབ་གདལ། ཞབས་ཞུ་བཅས་ཀྱི་ལས་དོན་སྒྲུབ་པར་མངགས་ཀྱི་ཡོད། ཚན་རྩལ་འདུས་ཚད་མཐོ་རུ་བཏང་ནས་ཚན་རིག་དང་མཐུན་པའི་དོ་དམ་བྱས་རྗེས་ས་ནག་སྔར་བས་གཤིན་དུ་འགྲོ་གི་རེད”ཅེས་ཞེ་ཧུང་ཐུའུ་ཡིས་བཤད། 
     (སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)