འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་20ཉིན།

༄༅།།སྡེ་ཚན་གསུམ་གྱིས་བརྡ་ཐོ་བཀྲམ་ནས་ཚོང་ལས་ཁྱབ་ཁོངས་ཀྱི་གཏོང་སྤྲོད་ཞབས་ཞུ་སྔར་བས་ལེགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་20ཉིན། 12:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《གཏོང་སྤྲོད་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་གཏོང་སྤྲོད་ཀྱི་སྟབས་བདེའི་རང་བཞིན་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གྱི་བླང་བྱ་དོན་འཁྱོལ་བྱ་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་དང་། ཚོང་དོན་པུའུ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་བཅས་ཀྱིས་ཉེ་ཆར་མཉམ་འབྲེལ་ཐོག《ཚོང་ལས་ཁྱབ་ཁོངས་ཀྱི་གཏོང་སྤྲོད་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་གཏོང་སྤྲོད་ཀྱི་སྟབས་བདེའི་རང་བཞིན་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།
     བརྡ་ཐོའི་ནང་། རྒན་རྒོན་དང་ཀྲུང་གོར་ཡོང་མཁན་རྒྱལ་ཁོངས་གཞན་གྱི་མི་སྣ་སོགས་ཚོགས་སྤྱིའི་ཚོང་ལས་ཁྱབ་ཁོངས་ཀྱི་སྣ་མང་ཅན་གྱི་གཏོང་སྤྲོད་ཞབས་ཞུའི་དགོས་མཁོ་སྐོང་བར་དམིགས་ཏེ་ས་གནས་ཁག་གི་ཚོང་དོན་གཙོ་གཉེར་སྡེ་ཚན་དང་ཀྲུང་གོ་མི་དམངས་དངུལ་ཁང་ཡན་ལག་དངུལ་ཁང་དབར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཚོང་ལས་ཁྱབ་ཁོངས་ཀྱི་གཙོ་གནད་གནས་ཡུལ་དང་གཙོ་གནད་ཚོང་དུད་ཀྱི་མིང་ཐོ་གཏན་འཁེལ་དང་། ཁོང་ཡངས་སྣ་མང་གི་གཏོང་སྤྲོད་བདག་གཉེར་ཁོར་ཡུག་གཏོད་པ། དངུལ་སྨར་བེད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ། སྒུལ་བདེའི་གཏོང་སྤྲོད་བེད་སྤྱོད་ཕུན་སུམ་ཚོགས་སུ་གཏོང་བ། རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་གྱི་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་རིམ་པ་མང་བ་དང་སྣ་མང་ཅན་གྱི་གཏོང་སྤྲོད་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚོང་ལས་ཁྱབ་ཁོངས་ཀྱི་གཏོང་སྤྲོད་ཞབས་ཞུའི་ཆུ་ཚད་ཐུན་མོང་ཐོག་མཐོ་རུ་གཏོང་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ཀྲུང་གོ་མི་དམངས་དངུལ་ཁང་དང་། ཚོང་དོན་པུའུ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་བཅས་ཀྱིས་དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ། དངུལ་རྩའི་སྒྲིག་གཞི་དང་ཚོང་དུད་ཀྱི་མཁོ་སྤྲོད་ཕྱོགས་གཉིས་ནས་མཉམ་དུ་ནུས་ཤུགས་འདོན་པ་དང་གཏོང་སྤྲོད་བྱེད་སྟངས་སྣ་ཚོགས་ཚོང་ལས་ཁྱབ་ཁོངས་སུ་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས། དེ་བས་སྤུས་ལེགས་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་གཏོང་སྤྲོད་ཞབས་ཞུ་མཁོ་འདོན་བྱས་ཏེ་རྒན་རྒོན་དང་ཀྲུང་གོར་ཡོང་མཁན་གྱི་ཕྱི་རྒྱལ་བ་སོགས་ཚོགས་སྤྱིའི་གཏོང་སྤྲོད་ཞབས་ཞུའི་དགོས་མཁོ་ནུས་ལྡན་ངང་སྐོང་རྒྱུ་ཡིན་པ་རེད།
     (པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)