འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་19ཉིན།

༄༅།།རང་རྒྱལ་གྱི་སྤྱི་དམངས་ལ་ཚན་རིག་གི་བྱང་ཚད་ལྡན་ པའི་བསྡུར་ཚད་མཐོ་རུ་འགྲོ་བ།

——ས་ཁུལ་གྱི་ཧེ་བག་ཐེངས་དང་པོར་ཆུང་དུ་ཕྱིན་པ་དང་དོ་སྙོམས་མེད་པའི་གནས་ཚུལ་སྔར་བས་ཞི་ལྷོད་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་19ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ཚན་རིག་གི་བྱང་ཚད་འཐེན་བཤེར་བྱེད་ཐེངས་བཅུ་གསུམ་པའི་གྲུབ་འབྲས་ལས་མངོན་པར། 2023ལོར་རང་རྒྱལ་གྱི་སྤྱི་དམངས་ལ་ཚན་རིག་གི་བྱང་ཚད་ལྡན་པའི་བསྡུར་ཚད་14.14%ཟིན་པ་དེ་2022ལོའི་12.93%ལས་བརྒྱ་ཆའི་གྲངས་1.21གིས་མཐོ་རུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་སྤྱི་དམངས་ལ་ཚན་རིག་གི་བྱང་ཚད་ལྡན་པའི་བསྡུར་ཚད་མཐོ་རུ་འགྲོ་བའི་རྣམ་པ་མངོན་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མི་ཤུགས་ཐོན་ཁུངས་ལེགས་པོ་མཁོ་འདོན་བྱས་པ་དང་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་པའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཡོད།
     བརྟག་དཔྱད་ལས་མངོན་པར། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་སྤྱི་དམངས་ཀྱི་ཚན་རིག་གི་བྱང་ཚད་དང་ཆུ་ཚད་ཀྱི་ཧེ་བག་ཐེངས་དང་པོར་ཆུང་དུ་ཕྱིན་ཞིང་། 2023ལོར་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་སྤྱི་དམངས་ལ་ཚན་རིག་གི་བྱང་ཚད་ལྡན་པའི་བསྡུར་ཚད་16.39%དང་། 13.12% 11.51%བཅས་སོ་སོར་ཟིན་པ་དེ་2022ལོ་ལས་བརྒྱ་ཆའི་གྲངས་1.08དང་། བརྒྱ་ཆའི་གྲངས་1.15 བརྒྱ་ཆའི་གྲངས་1.24བཅས་སོ་སོར་མཐོ་རུ་ཕྱིན་ནས་ས་ཁུལ་དབར་གྱི་ཚན་རིག་བྱང་ཚད་དོ་སྙོམས་མེད་པའི་གནས་ཚུལ་ལེགས་སུ་ཕྱིན་ཡོད།
     གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཚན་རིག་གི་བྱང་ཚད་འཕེལ་རྒྱས་དོ་སྙོམས་མེད་པའི་གནས་ཚུལ་སྔར་བས་ཞི་ལྷོད་དུ་སོང་ཞིང་། བརྟག་དཔྱད་ལས་མངོན་པར། 2023ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་གྲོང་གསེབ་ཀྱི་ཡུལ་མིར་ཚན་རིག་གི་བྱང་ཚད་ལྡན་པའི་བསྡུར་ཚད་17.25%དང་9.16%སོ་སོར་ཟིན་པ་དང་འཕར་ཚད་8.22%དང་15.08%སོ་སོར་ཟིན་ནས་གྲོང་གསེབ་ཀྱི་ཡུལ་མིའི་ཚན་རིག་གི་བྱང་ཚད་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་ལས་མངོན་གསལ་དོད་པོས་མཐོ་བ་ཡོད།
     བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་བར། 2023ལོར་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་དང་དེ་བཞིན་དེ་ཡན་གྱི་མི་ཚོགས་ལ་ཚན་རིག་གི་བྱང་ཚད་ལྡན་པའི་བསྡུར་ཚད་43.99%ཟིན་པ་དང་། སློབ་ཆེན་གྱི་ཆེད་སྦྱོང་ཚན་ཁག་གི་སློབ་གསོ་ཐོབ་པའི་སྤྱི་དམངས་ལ་ཚན་རིག་གི་བྱང་ཚད་ལྡན་པའི་བསྡུར་ཚད་25.17%ཟིན་པ། མཐོ་རིམ་སློབ་འབྲིང་དང་། དམའ་རིམ་སློབ་འབྲིང་། སློབ་ཆུང་བཅས་དང་དེ་བཞིན་དེ་མན་གྱི་སྤྱི་དམངས་ལ་ཚན་རིག་གི་བྱང་ཚད་ལྡན་པའི་བསྡུར་ཚད་17.68%དང་། 7.80% 2.91%བཅས་སོ་སོར་ཟིན་ཡོད། སྤྱི་དམངས་ཀྱི་ཚན་རིག་གི་བྱང་ཚད་དང་ཆུ་ཚད་དེ་སློབ་གསོ་ཐོབ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་རིམ་བཞིན་མཐོ་རུ་འགྲོ་གི་ཡོད།
     2021ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀྲམ་པའི《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་སྤྱོད་འཆར་འགོད་རྩ་གནད(2021ནས་2035ལོ་བར)》གཞིར་བཟུང་། 2025ལོར་སླེབས་སྐབས། རང་རྒྱལ་གྱི་སྤྱི་དམངས་ལ་ཚན་རིག་གི་བྱང་ཚད་ལྡན་པའི་བསྡུར་ཚད་15%ལས་བརྒལ་རྒྱུ་རེད། ཀྲུང་གོ་ཚན་རིག་ཁྱབ་གདལ་ཞིབ་འཇུག་སུའོ་ཡི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སུའོ་ཀྲང་ཝང་ཐིང་གིས། ཉེ་དུས་ཀྱི་བརྟག་དཔྱད་ཐེངས་ཁ་ཤས་བྱས་འབྲས་ལ་བལྟས་ན། སྤྱི་དམངས་ཀྱི་ཚན་རིག་གི་བྱང་ཚད་མཐོ་རུ་གཏོང་ཚད་མུ་མཐུད་མགྱོགས་སུ་ཕྱིན་ནས་དམིགས་ཚད་དེ་སྔ་སྣུར་དུ་མངོན་འགྱུར་ཐུབ་རེ་ཡོད་ཅེས་བརྗོད།
     ཞིབ་འཇུག་ལས་མངོན་པར། རྒྱལ་ཁབ་གཅིག་གི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་10%ལས་བརྒལ་ཚེ། གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་ཞུགས་པའི་མི་ཤུགས་ཐོན་ཁུངས་ཀྱི་རྨང་གཞི་ལྡན་པ་མཚོན་གྱི་ཡོད། ཝང་ཐིང་གིས། རང་རྒྱལ་གྱི་སྤྱི་དམངས་ལ་ཚན་རིག་གི་བྱང་ཚད་ལྡན་པའི་བསྡུར་ཚད་དེ་2020ལོར་10.56%ཟིན་པ་དང་། 2023ལོར་14.14%ཟིན་པ་དེ་ཐོག་ནས་རང་རྒྱལ་འདི་ཉིད་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་ཞུགས་པའི་ཚན་རྩལ་གསར་གཏོད་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་རྨང་གཞི་སྔར་བས་བརྟན་དུ་དང་རྒྱ་ཆེར་ཕྱིན་པ་མཚོན་ཡོད། འོན་ཀྱང་། འཛམ་གླིང་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་གཙོ་བོའི་20%ནས་30%བར་གྱི་སྤྱི་དམངས་ཀྱི་ཚན་རིག་གི་བྱང་ཚད་ཆུ་ཚད་དང་བསྡུར་ན། རང་རྒྱལ་གྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་འཕེལ་རྒྱས་ལ་སྔར་བཞིན་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད་ཅེས་བརྗོད།
     གྲོང་གསེབ་ཀྱི་ཡུལ་མི་དང་རྒན་རྒོན་ནི་རང་རྒྱལ་གྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་འཕེལ་རྒྱས་གཏོང་བའི་ཞན་ཆར་ གྱུར་ཞིང་། ད་ཐེངས་ཀྱི་བརྟག་དཔྱད་དང་འབྲེལ་བ་ཡོད་པའི་ལོ་60ནས་69བར་གྱི་མི་ཚོགས་ལ་ཚན་རིག་གི་བྱང་ཚད་ལྡན་པའི་བསྡུར་ཚད་4.45%ཟིན་པ་དེ་2022ལོ་ལས་བརྒྱ་ཆའི་གྲངས་0.03ལས་འཕར་མེད་པ་དང་སྔར་བཞིན་5%མན་གྱི་ཆུ་ཚད་དམའ་པོར་གནས་ཡོད་པས་རྒན་རྒོན་གྱི་ཚན་རིག་གི་བྱང་ཚད་མཐོ་རུ་གཏོང་བའི་མྱུར་ཚད་འགོར་ཙམ་ཡོད། ཝང་ཐིང་གིས། གོམ་སྟབས་རྗེས་མར། དམངས་ཡོངས་ཀྱི་ཚན་རིག་གི་བྱང་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་མུ་མཐུད་ལག་ལེན་གཏིང་ཟབ་བསྟར་ཏེ་གཞོན་ནུ་ལོ་ཆུང་དང་། ཞིང་པ། རྒན་རྒོན་སོགས་གཙོ་གནད་མི་ཚོགས་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་གནད་སྨིན་ཇུས་བསྟར་དང་དམ་འཛིན་ཡག་པོ་བྱེད་དགོས་ངེས་རེད་ཅེས་བརྗོད། (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)