འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།ཧྲན་ཏུང་ཅི་ནན་གྱིས་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཕྲུ་གུའི་ལུས་རྩལ་གྱི་སྤྲོ་སྣང་འཕེལ་བར་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཞའོ་ཅ་ཤིན།
     ཟླ་4ཚེས་12ཉིན་གྱི་ཕྱི་དྲོར། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་མཐོ་གསར་ཁུལ་གྱི་སློབ་འབྲིང་དང་པོའི་ལུས་རྩལ་ཐང་དུ་སློབ་མ་ཚོས་རྒྱུགས་མ་བླངས་གོང་གི་སྦྱོང་བརྡར་བྱེད་བཞིན་འདུག་ལ། ལུས་རྩལ་ཐང་གི་རྒྱུགས་ཤར་ཐང་དང་། རྒྱང་མཆོང་། རྐང་རྩེད་སྤོ་ལོ་དང་ལན་ཆིའུ་སྤོ་ལོ་ཐང་སོགས་གང་སར་རྣམ་གྲངས་ཁག་གི་རྒྱུགས་མ་བཏང་གོང་གི་སྦྱོང་བརྡར་བྱེད་བཞིན་འདུག
     ཟླ་4པའི་ཟླ་དཀྱིལ་དུ་ཅི་ནན་གྲོང་ཁྱེར་གྱི་2024ལོའི་དམའ་རིམ་སློབ་འབྲིང་གི་ལུས་རྩལ་དང་བདེ་ཐང་རྒྱུགས(གཤམ་དུ“ལུས་རྩལ་རྒྱུགས་ལེན”ཞེས་བསྡུ་རྒྱུ)གཏོང་གཉེར་ཡོད་ཅིང་། ད་ལོ་ནི་ལུས་རྩལ་རྒྱུགས་ལེན་སྲིད་ཇུས་ལེགས་སྒྲིག་བྱས་རྗེས་གཅིག་སྡུད་གཅིག་གྱུར་གྱི་ཚོད་ལྟ་བྱེད་ཐེངས་དང་པོ་ཡིན་ཏེ། རྒྱུགས་ལེན་སྐར་གྲངས་དང་། རྣམ་གྲངས། བྱེད་ཐབས་བཅས་ཚང་མ་ལེགས་སྒྲིག་འོས་འཚམ་བྱས་ཡོད་ལ། གདམ་ག་དེ་བས་སྟབས་བསྟུན་བྱུང་ནས་སློབ་མ་ཚོའི་གདམ་ག་དེ་བས་མང་དུ་ཕྱིན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཅི་ནན་གྱིས་ལུས་རྩལ་རྒྱུགས་ལེན་དེ་བརྒྱུད་རིམ་རང་བཞིན་གྱི་གདེང་འཇོག་དང་གཅིག་གྱུར་གྱི་ཚོད་ལྟའི་གདེང་འཇོག་གཉིས་སུ་དབྱེ་ཞིང་། བརྒྱུད་རིམ་རང་བཞིན་གྱི་གདེང་འཇོག་ནང་སློབ་མའི་ལུས་རྩལ་དང་བདེ་ཐང་སློབ་ཚན་ལ་ཞུགས་ཚད་དང་སློབ་ཚན་ཉན་པའི་རྣམ་འགྱུར་དང་དེ་བཞིན་སློབ་གྲྭའི་ལུས་རྩལ་འགྲན་ཚོགས་དང་། ལུས་རྩལ་དུས་ཆེན། ལུས་རྩལ་སྤྲོ་སྣང་ཚོགས་ཆུང་། ཚོགས་པ། སྤྲོ་སྐྱིད་ཁང་སོགས་ལ་ཞུགས་པའི་གནས་ཚུལ་ལ་གཞིགས་ནས་དཔྱད་ཞིབ་དང་སྐར་མ་རྒྱག་གི་ཡོད། གཅིག་གྱུར་ཚད་ལེན་ཚོད་ལྟའི་ནང་དོན་ལ་གཟུགས་གཞི་བདེ་ཐང་གི་ཚད་ལེན་ཚོད་ལྟ་དང་འགུལ་སྐྱོད་རྩལ་ནུས་ཀྱི་རྒྱུགས་ལེན་གཉིས་སུ་ཕྱེ་ཡོད། གཟུགས་པོ་བདེ་ཐང་གི་ཚད་ལེན་ཚོད་ལྟའི་རྒྱུགས་ལེན་ནང་ངེས་པར་དུ་རྒྱུགས་གཏོང་དགོས་པའི་རྣམ་གྲངས་ནི་སྐྱེས་པའི་སྨི་1000དང་བུད་མེད་ཀྱི་སྨི་800ཡི་རྒྱུག་ཤར་འགྲན་བསྡུར་དང་། གདམ་ག་ཆོག་པའི་རྣམ་གྲངས་ནི་ལུས་པོ་ཡར་འཐེན་གྱི་སྐྱེས་པའི་ལུས་རྩལ་དང་། བུད་མེད་ཀྱི་སྐར་མ་1གི་གན་རྐྱལ་ཉལ་ལངས་ལུས་རྩལ། ཀྲོང་སྡོད་རྒྱང་མཆོང་། སྨི་50ཡི་རྒྱུག་ཤར་འགྲན་བསྡུར་བཅས་རེད། སློབ་མས་རང་གི་འདོད་མོས་ལྟར་རྣམ་གྲངས་གཉིས་བདམས་རྗེས་དེའི་རྒྱུགས་ལེན་ལ་ཞུགས་དགོས་ཀྱི་ཡོད། ལུས་རྩལ་རྩལ་ནུས་ཚད་ལེན་གྱི་འདེམས་ཆོག་པའི་རྣམ་གྲངས་བཞི་ཡོད་པ་སྟེ། རྐང་རྩེད་སྤོ་ལོ་དང་། ལན་ཆིའུ་སྤོ་ལོ། ཕའེ་ཆིའུ་སྤོ་ལོ། ཆུ་རྐྱལ་བཅས་ཡིན་པ་དང་སློབ་མས་རྣམ་གྲངས་གཅིག་བདམས་ནས་རྒྱུགས་གཏོང་དགོས་ཀྱི་ཡོད།
     2023ལོར། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གསར་གཏོད་ཀྱི་ཚོད་ལྟའི་ཁུལ་ཡིན་པའི་ཅི་ནན་གྱིས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭར“འགྲན་ར་མཛེས་ཤོས”ཀྱི་དཔྱད་བསྡུར་བྱེད་སྒོ་སྤེལ་ཞིང་། སློབ་གྲྭའི་ལུས་རྩལ་འགྲན་བསྡུར་ལོ་ཧྲིལ་པོ་སྤེལ་གྱི་ཡོད་ལ། སློབ་མའི་གཟུགས་གཞི་བདེ་ཐང་ལ་གཞིགས་ནས་སློབ་པ་དང་། སྦྱོང་བརྡར། རྟག་ཏུ་འགྲན་བསྡུར་བཅས་བྱེད་ཀྱི་ཡོད། ཅི་ནན་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུང་ཡུས་ཀྱིས“འགྲན་རའི་ཆ་རྐྱེན་འཛོམས་པའི་འགྲན་བསྡུར་ཚང་མ་སློབ་གྲྭར་སྤེལ་དགོས། སློབ་གྲྭའི་འགྲན་བསྡུར་ཚད་ལྡན་དུ་བཏང་སྟེ། ཡ་རབས་ངང་འགྲན་བསྡུར་ལ་ཞུགས་པ་དང་ཡ་རབས་ངང་འགྲན་བསྡུར་ལྟ་དགོས་ལ། སློབ་གྲྭ་ཁག་ཏུ་རུ་ཁག་ཡོད་པ་དང་། རྣམ་གྲངས་ཁག་གི་རུ་ཁག་ཡོད་པ། གཟའ་འཁོར་ཚང་མར་འགྲན་བསྡུར་བྱེད་པ། སློབ་མ་ཚང་མ་འགྲན་བསྡུར་ལ་ཞུགས་པ་བཅས་བྱས་ཏེ་ཕྲུ་གུ་དེ་བས་མང་པོས་ལུས་རྩལ་གྱི་སྤྲོ་སྣང་མཉམ་སྤྱོད་ཐུབ་པར་བྱེད་དགོས”བཤད་པ་རེད།
     (པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)