འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་16ཉིན།

༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རིར་འཕྲལ་མར་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བ།  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་16ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཚེས་15ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས། ཨ་རིའི་མི་ཁག་གཅིག་གིས་“རྐུན་མས་རྐུན་མ་འཛིན་དགོས”ཟེར་ནས། དྲ་རྒྱའི་ཕར་རྒོལ་གྱི་འབྱུང་ཁུངས་དེ་ཀྲུང་གོར་གནོན་ཤུགས་སྤྲོད་པའི་ལག་ཆ་ཞིག་ཏུ་བརྩིས་ཏེ། དྲ་རྒྱའི་བདེ་འཇགས་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་ནས། ཀྲུང་གོ་ཕྱོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བར། ཀྲུང་གོ་ཕྱོགས་ནས་ཨ་རི་ཕྱོགས་ལ་ཀྲུང་གོར་དྲ་རྒྱའི་ཐོག་ནས་ཚུར་རྒོལ་བྱེད་མཚམས་འཕྲལ་མར་འཇོག་དགོས་པ་དང་། ཀྲུང་གོར་དམའ་འབེབས་གཏོང་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན་ལུགས་བསྟན། 
   ཉིན་དེར་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། ཟླ་4ཚེས་15ཉིན། ཀྲུང་གོའི་རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་དང་ཀུང་སི་360ཡིས་ཐུན་མོང་ཐོག་《“ཧྥུ་ཐེ་མཚོ་རླབས་”ཞེས་པའི་——ཨ་རིའི་གསང་འཕྲིན་སྒྲིག་གཞིས་ཨ་རིའི་རྒྱལ་ཚོགས་དང་ཁྲལ་འཇལ་མཁན་ལ་དམིགས་པའི་མཉམ་སྡེབ་མགོ་སྐོར་གྱི་བྱ་སྤྱོད་》ཟེར་བའི་སྙན་ཞུ་ཞིག་སྤེལ་བ་རེད། ང་ཚོས་ད་དུང་དྲན་གྱི་ཡོད་པ་ཞིག་ལ། ཨ་རིས་དུས་སྐབས་ཤིག་རིང་། ཀྲུང་གོ་སྲིད་གཞུང་ནས་“ཧྥུ་ཐེ་མཚོ་རླབས་”ཟེར་བར་རྒྱབ་སྐྱོར་བྱས་ནས། དྲ་རྒྱའི་ཕར་རྒོལ་བྱེད་ལུགས་ཀྱི་སྐྱོན་འཛུགས་ཐེངས་མང་བྱེད་མྱོང་བ་ང་ཚོས་ད་ལྟའི་དུས་སུའང་དྲན་གྱིན་འདུག ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་སྙན་ཞུར་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡོད་དམ་ཞེས་དྲིས།  
   ལིན་ཅན་གྱིས། “ཁྱེད་ཀྱིས་ཟེར་བའི་སྙན་ཞུ་དེར་ང་དོ་སྣང་བྱུང་།” སྙན་ཞུར་གཞིགས་ན། “ཧྥུ་ཐེ་མཚོ་རླབས་”ཧེག་པའི་རྩ་འཛུགས་ནི་དོན་དངོས་ཐོག་རྒྱལ་ཁབ་དང་ས་ཁུལ་གྱི་རྒྱབ་སྐྱོར་གྱི་རྒྱབ་ལྗོངས་མེད་པའི་ནད་དུག་བཙན་བསྡུའི་དྲ་རྒྱའི་ཉེས་གསོག་ཚོགས་པའི་“མུན་ནག་སྟོབས་ཤུགས་”ཞིག་རེད། སྣང་ཚུལ་སྣ་ཚོགས་ལས་མངོན་པར། ཨ་རིའི་གསང་འཕྲིན་སྒྲིག་གཞི་དང་དྲ་རྒྱའི་བདེ་འཇགས་ཁེ་ལས་ཀྱིས་རྒྱལ་ཚོགས་ཀྱི་སྔོན་རྩིས་མ་དངུལ་དང་སྲིད་གཞུང་གི་གན་རྒྱ་རག་ཆེད་དཔང་རྟགས་ཟེར་བ་མཉམ་དུ་བསྡུ་རུབ་བྱས་ནས། ཀྲུང་གོ་སྲིད་གཞུང་གིས་ཨ་རིར་“དྲ་རྒྱའི་ཕར་རྒོལ་”ལ་རྒྱབ་སྐྱོར་བྱེད་པའི་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་བྱས་པ་རེད་ཅེས་དང་།
   ལིན་ཅན་གྱིས། ཚང་མས་ཤེས་གསལ་ལྟར། ཨ་རི་ནི་དྲ་རྒྱའི་ཕར་རྒོལ་གྱི་འབྱུང་ཁུངས་ཆེ་ཤོས་དང་དྲ་རྒྱའི་བར་མཐོངས་བདེ་འཇགས་ལ་འཇིགས་སྐུལ་བཟོ་མཁན་ཆེ་ཤོས་ཤིག་རེད། དུས་སྐབས་ཤིག་རིང་། ཨ་རིའི་མི་ཁག་གཅིག་གིས་“རྐུན་མས་རྐུན་མ་བཟུང་དགོས་”ཟེར་ནས། དྲ་རྒྱའི་ཕར་རྒོལ་གྱི་འབྱུང་ཁུངས་དེ་ཀྲུང་གོར་གནོན་ཤུགས་སྤྲོད་པའི་ལག་ཆ་ཞིག་ཏུ་བརྩིས་ནས། དྲ་རྒྱའི་བདེ་འཇགས་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་ཏེ་ཀྲུང་གོ་ཕྱོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་གཏོང་བཞིན་ཡོད།
   “ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཀྲུང་གོར་དྲ་རྒྱའི་ཐོག་ཚུར་རྒོལ་བྱེད་མཚམས་འཕྲལ་མར་འཇོག་དགོས་པ་དང་། ཀྲུང་གོར་དམའ་འབེབས་གཏོང་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན་”ཞེས་བཤད།