འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།ཨ་རི་སོགས་ཀྱིས་གསལ་བསྒྲཊ་ཞིག་སྤེལ་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་12ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་ལྡན་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། གསར་འགོད་པ་ཞིག་གིས། ཟླ་4ཚེས་11ཉིན་ཨ་རི་དང་ལྗར་པན། ཧྥི་ལི་ཕིན་བཅས་ཀྱི་འགོ་ཁྲིད་པས་ཝ་ཧྲིང་ཐོན་དུ་ཕྱོགས་གསུམ་དབུ་ཚོགས་ཐེངས་དང་པོར་འཚོགས་པ་དང་། ཚོགས་འདུ་གྲོལ་རྗེས་《ལྗར་པན་དང་ཧྥི་ལི་ཕིན་དང་ཨ་རིའི་འགོ་ཁྲིད་པའི་ཐུན་མོང་རེ་འདུན་གྱི་གསལ་བསྒྲགས་》སྤེལ་བ་རེད། ཨ་རི་ཕྱོགས་ཀྱིས་དེའི་གོང་ལ་ད་ཐེངས་ཀྱི་དབུ་ཚོགས་དང་། ཨ་རི་དང་ལྗར་པན། ཧྥི་ལི་ཕིན་བཅས་ཀྱི་མཉམ་ལས་དེ་“ཀྲུང་གོར་དམིགས་པ་མིན་”ཞེས་ཡོངས་བསྒྲགས་ངང་བརྗོད་མྱོང་ཡོད་མོད། འོན་ཀྱང་གསལ་བསྒྲགས་གྱི་ནང་དོན་ནང་སྔར་བཞིན་ལྷོ་རྒྱ་མཚོ་དང་ཤར་རྒྱ་མཚོ། ཐའེ་ཝན་མཚོ་འགག་བཅས་ཀྱི་གནད་དོན་སྐོར་ གླེང་ཡོད་པས། ཀྲུང་གོ་ཕྱོགས་ལ་དཔྱད་གཏམ་གང་ཞིག་ཡོད་དམ་ཞེས་དྲིས། 
     མའོ་ཉིང་གིས། ཉེ་ལམ་ཤར་རྒྱ་མཚོ་དང་ལྷོ་རྒྱ་མཚོའི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད། རྒྱལ་ཁབ་ཁག་གཅིག་གིས་ས་ཁོངས་ཕྱི་རོལ་གྱི་རྒྱལ་ཁབ་དང་ཤོག་ཁག་བསྒྲིགས་ནས་བློ་ཁོག་ཆེ་ཁུལ་བྱེད་པ་དང་། མཚོ་ཐོག་ཏུ་ཁེ་དབང་ལ་བཙན་གནོད་དང་འཁྲུག་རྐྱེན་སློང་བའི་བྱེད་སྟངས་རྒྱུན་ཆད་མེད་པར་སྤེལ་བས་གནས་བབ་ཛ་དྲག་ཏུ་ཕྱིན་ཡོད། ས་ཁོངས་ཕྱི་རོལ་གྱི་རྒྱལ་ཁབ་ཁ་ཤས་ཀྱིས་ངར་སློང་ངན་སྐུལ་དང་འགྲན་རྒོལ་གྱི་སྐུལ་སློང་བྱས་པས་མི་རྣམས་ཁོང་ཁྲོ་ལངས་སུ་བཅུག་ཡོད་ཅེས་དང་། 
     ངས་བསྐྱར་བསྒྲགས་བྱེད་འདོད་པ་ནི། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རང་ངོས་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དང་། ཐད་ཀར་དོ་བདག་རྒྱལ་ཁབ་དང་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་ཕྱོགས་གཉིས་པོའི་རྒྱ་མཚོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་འཚམ་པོར་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དང་། དུས་མཚུངས་ས་ཁོངས་ཕྱི་རོལ་རྒྱལ་ཁབ་ཀྱི་ཐེ་ཇུས་དང་དཀར་ནག་གོ་ལྡོག གནས་ཚུལ་རིམ་སྤོར་བཅས་བྱེད་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།