འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་12ཉིན།

༄༅།།ཡུལ་བབ་དང་བསྟུན་ནས་ཞིང་དུད་ལ་ཐོན་སྐྱེད་ལག་རྩལ་གྱི་མཛུབ་ཁྲིད་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་12ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་ནས་ཤེས་རྟོགས་བྱས་པར། དཔྱིད་རྨོད་ལས་བྲེལ་དུས་ཀྱི་ཞིང་པའི་དགོས་མཁོ་དངོས་སྐོང་ཆེད། མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་སྔར་ཡོད་ཞིང་སྤྱོད་རྒྱུ་ཆ་མཁོ་སྤྲོད་འགན་ལེན་དྲ་ཚིགས་ཀྱི་རྨང་གཞིའི་ཐོག “ལོ་ཏོག་སྨན་ཁང”གི་བྱེད་ཐབས་གསར་པ་བཏོད་ཅིང་། ཆེད་ལས་ལག་རྩལ་པས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད་ཆེད་ལས“ལོ་ཏོག་སྨན་པར”གྱུར་ཏེ་ཡུལ་བབ་དང་བསྟུན་ནས་ཞིང་དུད་ལ་ཐོན་སྐྱེད་ལག་རྩལ་གྱི་མཛུབ་ཁྲིད་བྱེད་བཞིན་ཡོད། མིག་སྔར་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས“ལོ་ཏོག་སྨན་པ”ཁྲི་7ལྷག་ཙམ་ཞིང་ལས་ཀྱི་འཐབ་ཕྱོགས་དང་པོར་བཏང་བ་རེད།
     དཔྱིད་རྨོད་དཔྱིད་འདེབས་བྱེད་པར་སྔོན་ལ་ཞིང་སྤྱོད་རྒྱུ་ཆ་གྲ་སྒྲིག་ཡག་པོ་བྱེད་དགོས། ཡུན་རིང་མ་སོང་གོང་། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་2024ལོའི་རྒྱལ་ཡོངས་ཀྱི་ཞིང་སྤྱོད་རྒྱུ་ཆ་མཁོ་སྤྲོད་འགན་ལེན་བྱེད་པའི་གཙོ་གནད་ཁེ་ལས་200ཡི་མིང་ཐོ་ཁྱབ་བསྒྲགས་བྱས་ཏེ་དཔྱིད་རྨོད་ཀྱི་ཞིང་སྤྱོད་རྒྱུ་ཆ་མཁོ་སྤྲོད་བྱེད་ཚད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ནས་ཞིང་པའི་དགོས་མཁོ་སྐོང་ཐུབ་པ་བྱས་ཡོད། གཙོ་གནད་ཁེ་ལས་ཀྱི་མིང་ཐོ་དེའི་ནང་ཀྲུང་གོའི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་ཚོགས་པ་སོགས་ཁེ་ལས་200ཚུད་ཡོད་པ་དང་མཁོ་སྤྲོད་ཀྱི་ཁྱབ་ཁོངས་ཞིང་ཆེན་31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་སོགས་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཡོད།
     མིག་སྔར་སྤྱི་ཁྱབ་ཁང་གིས་རིམ་ཁག་མཁོ་ཚོང་མཉམ་ལས་ཁང་དང་ཞིང་སྤྱོད་རྒྱུ་ཆའི་ཁེ་ལས་གཙོ་བོར་མཛུབ་ཁྲིད་ཧུར་ཐག་བྱེད་པ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཞིང་སྤྱོད་རྒྱུ་ཆའི་འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་མ་ལག་ཐུན་མོང་ཐོག་བསྐྲུན་ནས་དཔྱིད་རྨོད་ཀྱི་འགག་རྩའི་དུས་ཚིགས་སུ་ཞིང་སྤྱོད་རྒྱུ་ཆ་མཁོ་འདོན་བྱས་ཏེ་སོ་ནམ་དུས་ཚོད་མི་འགྱངས་པ་བྱས་ནས་ལོ་ལེགས་ཡོང་ཆེད་རྨང་གཞི་ཡག་པོ་བཏིང་བ་རེད།