འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་11ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གིས་དམག་དོན་འབྲེལ་བའི་ཐོག་ནས་ཐའེ་ཝན་དུ་
འཛུལ་རེ་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་11ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་4ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གིས་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། མགྲིན་ཚབ་པ་ཀྲུའུ་ཧྥེང་ལན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། 
གསར་འགོད་པ་ཞིག་གིས། ཉིན་ཤས་གོང་ཨ་རིའི་རྒྱུན་ལས་རྒྱལ་དོན་བློན་ཆེན་གཞོན་པ་ཁན་པེར་གྱིས་ཨ་རི་དང་དབྱིན་ཇི། ཨོ་སི་ཁྲུ་ལི་ཡའི་དབར་གྱི་“ཨའོ་ཁུའུ་སི་”(AUKUS)ཆུར་འཛུལ་དམག་གྲུ་དང་འབྲེལ་བ་ཡོད་པའི་གྲོས་མཐུན་གྱི་གཏམ་བརྗོད་ཐད་དྲི་བ་བཏོན་པར། མགྲིན་ཚབ་པ་ཀྲུའུ་ཧྥེང་ལན་གྱིས་“ཕྱོགས་གསུམ་གྱི་བདེ་འཇགས་རོགས་ཟླའི་འབྲེལ་བ་”ཟེར་བ་བཙུགས་པ་དེ་ངོ་བོའི་ཐོག་དམག་དོན་མཉམ་ལས་ལ་བརྟེན་ནས་དམག་དོན་འགྲན་རྒོལ་སྐུལ་གྱི་སློང་བྱེད་པ་དང་། གཞན་པའི་བདེ་འཇགས་རིན་དོད་དུ་བྱས་ནས་རང་ཉིད་ཀྱི་བདེ་འཇགས་དོན་གཉེར་བྱེད་པ་ཡིན་པས། ས་ཁུལ་དེ་གའི་བདེ་འཇགས་དེ་བས་མེད་པར་འགྱུར་རྒྱུ་ལས་གཞན་ཅི་ཡང་ཡོང་རྒྱུ་མེད། འབྲེལ་ཡོད་དམག་དོན་མཉམ་ལས་ལ་བརྟེན་ནས། ཐའེ་ཝན་གྱི་གནད་དོན་ལ་ཐེ་ཇུས་བྱེད་པའི་རེ་ངན་གང་ཞིག་ཡིན་རུང་། ཚང་མ་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་འགལ་ཏེ། ཐའེ་ཝན་མཚོ་འགག་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་གནོད་འཚེ་གཏོང་བ་ཡིན་པས། ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་པོ་དང་། ཀྲུང་གོ་ཕྱོགས་ལ་ཁས་ལེན་ནན་པོ་བྱས་ཏེ་ཐའེ་ཝན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་གཏམ་སྤྱོད་གཟབ་ནན་བྱེད་དགོས་པ་ང་ཚོས་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད།