འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་10ཉིན།

ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་མ་ལེ་ཞི་ཡའི་མཚོ་ངོགས་ཤར་མའི་ལྕགས་ལམ་རྣམ་གྲངས་ཀྱིས་ལས་ཞུགས་གོ་སྐབས་ཁྲི་1.8བཏོད་པ་དང་ས་གནས་དེ་གའི་ཁེ་ལས་1900ལྷག་ཙམ་དང་མཉམ་ལས་བྱས་པ།

༄༅།།མ་ལེ་ཞི་ཡའི་མཚོ་ངོགས་ཤར་ནུབ་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་
སུ་ཕུལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་10ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཧུའེ།
     མ་ལེ་ཞི་ཡའི་ཕེང་ཧེང་ཀྲོའུ་ཀོན་ཏན་གྲོང་ཁྱེར་གྱི་མ་ལེ་ཞི་ཡའི་མཚོ་ངོགས་ཤར་མའི་ལྕགས་ལམ་རྣམ་གྲངས་ཀྱི་ལྕགས་ལམ་འདིང་སའི་རྟེན་གཞིར་ལྕགས་ལམ་འདིང་བྱེད་ཀྱི་འཕྲུལ་ཆས་སེར་པོ་ཆེན་པོ་ཞིག་དལ་བུར་བསྐྱོད་ནས་ལྕགས་སྒྲོམ་རིང་པོ་ཞིག་ལམ་གཞིའི་སྟེང་བརྟན་པོར་འདིང་བཞིན་ཡོད་པ་རེད། ལམ་ཐག་ཧྲིལ་པོར་སྤྱི་ལེ་600ལྷག་ཙམ་ཡོད་པའི་ལྕགས་ལམ་དེ་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བ་དང་། དེ་ནི་ཀྲུང་གོ་དང་མ་ལེ་ཞི་ཡའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་ལ། མིག་སྔར་ཀྲུང་གོའི་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་སྐྲུན་འགན་འཁུར་བའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་ཆེ་ཤོས་ཀྱི་གྲས་ཤིག་ཀྱང་རེད། རྣམ་གྲངས་དེའི་ནང་འགྲུལ་སྐྱེལ་མེ་འཁོར་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160དང་ཟོག་འདྲེན་མེ་འཁོར་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་80ཇུས་འགོད་བྱས་ཡོད་པ་དང་། དེ་བསྐྲུན་རྗེས་མ་ལེ་ཞི་ཡའི་ཀྲོའུ་4ཕན་ཚུན་སྦྲེལ་མཐུད་ཐུབ་ནས་མ་ལེའི་ཕྱེད་གླིང་གི་མཚོ་ངོགས་ཤར་ནུབ་འབྲེལ་མཐུད་ཐུབ་པའི“སྐམ་སའི་ཐོག་གི་ཟམ་པ”ཞིག་ཏུ་གྱུར་ནས་ལམ་རྒྱུད་ས་ཁུལ་གྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་འགྲོ་བར་རམ་འདེགས་ཐུབ་རྒྱུ་རེད།
     “ཀྲུང་གོའི་ཚད་གཞི་དང་ས་གནས་དེ་གའི་ཚད་གཞི་མཉམ་འདྲེས་ཐུབ་པ”
   གསར་འགོད་པ་མ་ལེ་ཞི་ཡའི་མཚོ་ངོགས་ཤར་མའི་ལྕགས་ལམ་རྣམ་གྲངས་ཀྱི་ཡུན་ཏེང་ཕུག་ལམ་གྱི་འཛུགས་སྐྲུན་ལས་ཡུལ་དུ་སྐྱོད་སྐབས། འཕྲུལ་ཆས་ཆེན་པོ་ཞིག་མིག་ལམ་དུ་མངོན། འཕྲུལ་ཆས་ཨ་མ་དེའི་རིང་ཚད་ལ་སྨི་25དང་འཕྲུལ་ཆས་ཧྲིལ་པོའི་ལྗིད་ཚད་ལ་ཏུན་1600ཟིན་ཡོད། འཕྲུལ་ཆས་དེ་ཡུན་ཏེང་ཕུག་ལམ་གྱི་དམིགས་བསལ་གྱི་ས་གཤིས་ཆ་རྐྱེན་ལ་གཞིགས་ནས་བཟོས་པ་ཞིག་ཡིན་པ་དང་། མིག་སྔར་ཀྲུང་གོས་ཕྱི་རྒྱལ་དུ་ཕྱིར་གཏོང་བྱས་པའི་ཚངས་ཐིག་ཆེ་ཤོས་དང་འཛམ་གླིང་གི་སྔོན་ཐོན་ལག་རྩལ་གྱི་ཆུ་ཚད་ལྡན་པའི་ཕུག་ལམ་གྱི་བྲག་རྡོ་སྔོག་བྱེད་ཀྱི་འཕྲུལ་ཆས་ཤིག་རེད།
    ཡུན་ཏེང་ཕུག་ལམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་16.39ཡོད་པ་དང་། ཕུག་གཉིས་ལམ་གཅིག་གི་ཕུག་ལམ་དང་རྙོག་འཛིང་ཆེ་བའི་ས་གཤིས་ཁོར་ཡུག་གིས་ཨར་སྐྲུན་ལ་འགྲན་སློང་ཆེན་པོ་འཕྲད་ཡོད། རྣམ་གྲངས་ཀྱི་ཡན་ལག་པུའུ་བདུན་པའི་ལས་གྲྭ་པུའི་པུའུ་ཀྲང་གཞོན་པ་ལི་ཞང་གིས་མ་ལེ་ཞི་ཡར་རྒྱུན་དུ་མཐོང་རྒྱུ་ཡོད་པའི་ཕུག་ལམ་གྱི་ཨར་ལས་བྱེད་ཐབས་ནི་གསོར་འབིགས་དང་འབར་གཏོར་གྱི་ཐབས་ལ་བརྟེན་གྱི་ཡོད། ཡུན་ཏེང་ཕུག་ལམ་ལ་ལག་རྩལ་ཆུ་ཚད་སྔོན་ཐོན་གྱི་སྔོག་འདོན་འཕྲུལ་ཆས་ཐོག་མར་སྤྱད་ཡོད། “དེའི་ནུས་པ་ནི་སྲོལ་རྒྱུན་གྱི་གསོར་འབིགས་དང་འབར་གཏོར་གྱི་ལྡབ་3ནས་5བར་ཡིན་པས་ལས་ཡུན་ཐུང་དུ་ཤུགས་ཆེན་ཕྱིན་ཡོད”ཅེས་ངོ་སྤྲོད་བྱས།
    རྣམ་གྲངས་ཀྱི་སྤྱི་ཁྱབ་ཅིང་ལི་ཁུང་ཆི་ཡིས། རྣམ་གྲངས་འཛུགས་སྐྲུན་གྱི་ས་རྡོའི་ལས་ཀ་ཀྲུང་གོའི་ཚད་གཞི་རྨང་གཞིར་བྱེད་པ་དང་འབྲེལ་མ་ལེ་ཞི་ཡའི་ཚད་གཞི་དང་ཟུང་འབྲེལ་བྱས་ཡོད། ལྕགས་ལམ་དང་། མེ་འཁོར་ཨ་མ་དང་འཁོར་སྒྲོམ། བརྡ་རྟགས་མ་ལག་སོགས་ལ་ཀྲུང་གོའི་ཚད་གཞི་སྤྱད་ཡོད། “མ་ལེ་ཞི་ཡའི་མཚོ་ངོགས་ཤར་མའི་ལྕགས་ལམ་རྣམ་གྲངས་ཐད་ཀྲུང་གོའི་ཚད་གཞི་དང་ས་གནས་དེ་གའི་ཚད་གཞི་མཉམ་འདྲེས་བྱས་ནས་ཀྲུང་གོའི་ཚད་གཞི་ཕྱིར་སྐྱོད་པའི་ཉམས་མྱོང་བསགས་ཡོད”ཅེས་བརྗོད།
    “འདི་ནི་ང་ཚོས་གྲོགས་པོ་ཀྲུང་གོ་བའི་ས་ནས་ལྕགས་ལམ་འཛུགས་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཞིག་རེད”
    ཏེང་ཅ་ལོའུ་ཀྲོའུ་ཧྲི་ལེང་ཐེན་རྫོང་དུ་ཡངས་ཤིང་རྒྱ་ཆེ་ལ་མཛེས་སྡུག་རྣམ་པར་བཀྲ་བའི་ཏེང་ཅ་ལོའུ་གཙང་པོ་ཁཱ་མུའུ་ཕུང་གྲོང་ཚོ་བརྒྱུད་བཞུད་བཞིན་ཡོད་པ་དང་། ཟམ་གདན་ཆེན་པོ་མང་པོ་ཞིག་གཙང་པོའི་དབུས་སུ་འགྱིང་ངེར་གནས་ཡོད་པ་དེ་ནི་རྣམ་གྲངས་སྐྲུན་ཡུལ་གྱི་གྲས་ཤིག་རེད།
    ལོ་64ལ་སླེབས་པའི་ཚུན་ཀྲང་ཆེ་ཨེན་པང་ཉིན་ལྟར་ལས་ཡུལ་དུ་སྐྱོད་ཀྱི་ཡོད། ཁོང་གིས་གསར་འགོད་པར་ཏེང་ཅ་ལུའོ་ནས་རྒྱལ་ས་ཁྭ་ལ་ལུམ་ཕུར་བར་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ན་ཆུ་ཚོད་7ཙམ་འགོར་གྱི་ཡོད། མེ་འཁོར་ཤར་གཏོང་ཐུབ་ན་ཆུ་ཚོད་4ལས་འགོར་གྱི་མེད། “གྲོང་མི་ཚང་མས་ལྕགས་ལམ་སྔ་ཙམ་ཤར་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། སླད་ཕྱིན་རང་ཉིད་རྒྱལ་ས་ཁྭ་ལ་ལུམ་ཕུར་དུ་ལས་ཀ་བྱེད་བཞིན་པའི་བུ་ལ་ལྟ་བར་འགྲོ་སྐབས་དེ་བས་སྟབས་བདེ་རུ་འགྲོ་རྒྱུ་རེད”ཅེས་བརྗོད།
    2023ལོའི་ཟླ་བཅུ་པའི་ཟླ་མཇུག་བར། མ་ལེ་ཞི་ཡའི་མཚོ་ངོགས་ཤར་མའི་ལྕགས་ལམ་རྣམ་གྲངས་ཀྱིས་མ་ལེ་ཞི་ཡ་དང་དེ་བཞིན་མཐའ་འཁོར་རྒྱལ་ཁབ་ལ་ལས་ཞུགས་ཀྱི་གོ་སྐབས་ཁྲི་1.8བཏོད་པ་དང་། རིམ་རྩིས་བྱས་ན་ཁོངས་གཏོགས་ས་ཆའི་ལས་བཟོ་མི་ཐེངས་6500ལྷག་ཙམ་བསྡུས་པ། ས་གནས་དེ་གའི་ཁེ་ལས་1900ལྷག་ཙམ་དང་མཉམ་ལས་བྱས་པ། སློབ་མ་1100ཙམ་གསོ་སྦྱོང་བྱས་ཡོད་པ་རེད།
    ཤེ་ཡ་ཧོ་མིང་ནི་རྣམ་གྲངས་ཀྱི་ཡན་ལག་པུའུ་དྲུག་པའི་ས་གནས་ས་ཐོག་གི་ལག་རྩལ་ཆེ་མོ་བ་ཞིག་རེད། ཁོང་སློབ་གྲྭ་ཐོན་ནས་ལོ་ཤས་ལས་མ་སོང་བར་ཀྲུང་མ་ལྕགས་ལམ་གྱི“ཤེས་ལྡན་མི་སྣ་གསོ་སྦྱོང་མཉམ་ལས་འཆར་གཞིའི་ནང”བདམས་ཐོན་བྱུང་བ་རེད། “ང་ལྟ་བུའི་ལས་རིགས་མི་སྣ་གསར་པ་ཞིག་གི་ངོས་ནས་བརྗོད་ན། འཛུགས་སྐྲུན་རྣམ་གྲངས་གལ་ཆེན་འདི་ལྟ་བུར་ཞུགས་རྒྱུ་བྱུང་བ་ནི་དངོས་གནས་བསོད་ནམས་རང་རེད། འདི་ནི་ང་ཚོས་གྲོགས་པོ་ཀྲུང་གོ་བའི་ས་ནས་ལྕགས་ལམ་འཛུགས་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཞིག་རེད། དེ་གར་སྦྱངས་པའི་ལག་རྩལ་དང་ཉམས་མྱོང་འབྱུང་འགྱུར་རང་ཉིད་རྣམ་གྲངས་དེ་བས་མང་བའི་འཛུགས་སྐྲུན་ནང་ཞུགས་པར་ཕན་ཐོགས་ཡོད་ཅེས་ཤེ་ཡ་ཧོ་མིང་གིས་གདེང་ཚོད་ཆེན་པོས་བརྗོད།
    “རྣམ་གྲངས་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་པ”
    ཤེས་རྟོགས་བྱུང་བར་གཞིགས་ན། མ་ལེ་ཞི་ཡའི་མཚོ་ངོགས་ཤར་མའི་ལྕགས་ལམ་རྣམ་གྲངས་མ་ལེ་ཞི་ཡའི་ནགས་ཚལ་སྲུང་སྐྱོང་ཁུལ་མང་པོ་ཞིག་བརྒྱུད་དགོས་པ་དང་། ལམ་རྒྱུད་ཀྱི་སྲུང་སྐྱོང་ཁུལ་དུ་སྟག་དང་། མ་ལེའི་དོམ། གླང་ཆེན་སོགས་རི་སྐྱེས་སྲོག་ཆགས་རིགས་30ལྷག་ཙམ་ཡོད་པ་རེད། རྣམ་གྲངས་ཚོགས་པས་བསམ་གཞིག་ཡང་ཡང་བྱས་པ་བརྒྱུད། ལམ་ཐིག་འདེམས་པ་དང་ཇུས་འགོད་བྱེད་སྐབས་ལྕགས་ལམ་དམར་ཐིག་དང་བེད་མེད་ལྕགས་ལམ་གཙོ་གནད་ཐོག་སྤྱད་པ་དང་། ལམ་ཐིག་ཧྲིལ་པོར་སྲོག་ཆགས་སྐྱོད་སའི་ལམ་དང་། ཟམ་པ། ཕུག་ལམ་བཅས་20ལྷག་ཙམ་ཇུས་འགོད་བྱས་ཡོད།
    དཔེར་ན། ནགས་ཚལ་སྲུང་སྐྱོང་ཁུལ་ཞིག་གི་ལམ་ཐིག་ཇུས་འགོད་བྱེད་སྐབས། རྣམ་གྲངས་ཀྱིས་ཆེད་མངགས་ལམ་ཐིག་ཤར་ངོས་སུ་ལེགས་སྒྲིག་བྱས་པ་དང་། དེ་སྔའི་འཆར་གཞིའི་ནང་གི་ལམ་གཞིའི་གྲུབ་ཆ་ཕུག་ལམ་གྱི་རྣམ་པར་ལེགས་སྒྲིག་བྱས་ནས་ལྕགས་ལམ་སྲུང་སྐྱོང་ཁུལ་བརྒྱུད་ནས་ས་ངོས་ཀྱི་སྔོ་ཁེབས་ལ་གཏོར་བཤིག་མི་ཕོག་པ་བྱས་ཡོད། འབད་བརྩོན་བྱས་པ་བརྒྱུད། རྣམ་གྲངས་དེ་ནགས་ཚལ་སྲུང་སྐྱོང་ཁུལ་བརྒྱུད་པའི་གྲངས་འབོར་སྔོན་བཀོད་འཆར་གཞིའི་35ནས་13བར་ཉུང་དུ་བཏང་བ་དང་ནགས་ཚལ་སྲུང་སྐྱོང་ཁུལ་ལ་ཤུགས་རྐྱེན་ཐེབས་ཚད་89.2%ཆུང་དུ་ཕྱིན་ཡོད་པ་རེད།
    “མི་རྣམས་མེ་འཁོར་ནང་དུ་བསྡད། མེ་འཁོར་མཛེས་ལྗོངས་ཁུལ་དུ་རྒྱུ” ཁུང་ཆི་ཡིས་སླད་ཕྱིན་མ་ལེ་ཞི་ཡའི་དམངས་ཚོགས་མེ་འཁོར་ལ་སྡོད་པའི་རྣམ་པ་གླེང་། རྣམ་གྲངས་ཚོགས་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྗང་མདོག་གི་ཁས་ལེན་ལག་ལེན་བསྟར་བ་སྟེ། ཐལ་རྡུལ་སྔོན་འགོག་གི་འགྱིག་བཟོས་སྤང་གི་དྲ་བ་སྤྱད་དེ་ཨར་ལས་བྱ་ཡུལ་དུ་ཐལ་རྡུལ་འགོག་ཐུབ་པ་དང་མཐའ་ལ་ས་བཀབ་ནས་ས་ཆུ་ཤོར་བ་སྔོན་འགོག་བྱ་རྒྱུ་དང་། ཕྱོགས་གསུམ་པའི་ལས་ཁུངས་གདན་དྲངས་ཏེ་རླངས་རོ་དང་ཐལ་རྡུལ་སོགས་འབུད་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁོར་ཡུག་སྲུང་སྐྱོང་ཟླ་བ་དང་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་དོ་དམ་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣའི་ཁོར་ཡུག་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུ་སོགས་རེད།