འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་8ཉིན།

༄༅།།རྒྱལ་ཁབ་འདི་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་གཅོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་08ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་5ཉིན། མོ་ཞི་ཁོའི་ཕྱི་འབྲེལ་པུས་ཨེ་ཁྭ་ཏོར་གྱི་ཉེན་རྟོག་ཕྱོགས་བཙན་གྱིས་ཨེ་ཁྭ་ཏོར་བཅའ་སྡོད་མོ་ཞི་ཁོའི་གཞུང་ཚབ་ཁང་དུ་འཛུལ་བ་མ་ཟད། གཞུང་ཚབ་ཁང་དུ་འགེབས་སྲུང་འཚོལ་མཁན་རྒྱལ་ཁབ་དེའི་ཙུང་ཐུང་གཞོན་པ་ཟུར་པ་ཀེ་ལཱ་སི་བཀག་ཉར་བྱས། བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་མོ་ཞི་ཁོ་ཡི་བདག་དབང་ལ་མངོན་སུམ་འཛེམ་མེད་ངང་བཙན་གནོད་བྱས་པ་ཞིག་ཡིན་པས། མོ་ཞི་ཁོ་ཡིས་ཨེ་ཁྭ་ཏོར་སྲིད་གཞུང་དང་ཕྱི་འབྲེལ་གྱི་འབྲེལ་བ་མཚམས་འཇོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། 
     ཀེ་ལཱ་སིས་2013ལོ་ནས་2017ལོའི་བར་ཙུང་ཐུང་ཟུར་པ་ཁོ་ལེ་ཡཱ་ཡི་ལས་རོགས་ཀྱི་འགན་འཁུར་བ་དང་། ན་ནིང་གི་ཟླ་12ཚེས་17ཉིན་མོ་ཞི་ཁོར་ཆབ་སྲིད་ཀྱི་འགེབས་སྲུང་རེ་ཞུ་བྱས་པ་ནས་བཟུང་། སྔ་ཕྱི་བར་གསུམ་དུ་ཨེ་ཁྭ་ཏོར་བཅའ་སྡོད་མོ་ཞི་ཁོའི་གཞུང་ཚབ་ཁང་དུ་བསྡད་ཡོད། ཚེས་5ཉིན་མོ་ཞི་ཁོ་ཡིས་ཀེ་ལཱ་སི་ཕྱི་འབྲེལ་འགེབས་སྲུང་གི་སྤྱི་ཆིངས་ཀྱི་སྒྲོམ་གཞིའི་ནང་ཨེ་ཁྭ་ཏོར་ནས་ཁ་བྲལ་དགོས་པའི་བླང་བྱ་བཏོན་ཡོད། དེའི་རྗེས་སུ་ཨེ་ཁྭ་ཏོར་གྱི་ཕྱི་འབྲེལ་པུས་གསལ་བསྒྲགས་སྤེལ་ནས། ཀེ་ལཱ་སིར་བདེ་འཇགས་འགྲོ་ལམ་མཁོ་འདོན་མི་བྱེད་པ་ཁྱབ་བསྒྲགས་བྱས། ཉིན་དེའི་དགོང་མོར་ཨེ་ཁྭ་ཏོར་གྱི་ཉེན་རྟོག་ཕྱོགས་ཨེ་ཁྭ་ཏོར་བཅའ་སྡོད་མོ་ཞི་ཁོའི་གཞུང་ཚབ་ཁང་དུ་འཛུལ་ནས་ཀེ་ལཱ་སི་འཁྲིད་པ་རེད། དེའི་རྗེས་སུ་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ལས་ཤག་གིས་གསལ་བསྒྲགས་སྤེལ་ནས་ཀེ་ལཱ་སི་བཟུང་བ་ཁྱབ་བསྒྲགས་བྱས།