འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་7ཉིན།

༄༅།།རྒྱལ་ཁབ་འདིར་འགན་འཁྲི་རྩད་གཅོད་བྱ་རྒྱུའི་བླང་བྱ་བཏོན།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་07ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་5ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས། དབྱི་སི་རལ་གྱིས་ཀཱ་ཟ་ས་ཁུལ་དུ་བཟོས་སྲིད་པའི“དམག་འཁྲུག་གི་ཉེས་པ”དང་“མིའི་རིགས་ལ་གནོད་འཚེ་གཏོང་བའི་ཉེས་པར”འགན་འཁུར་དགོས་པའི་བླང་བྱ་བཏོན་པ་མ་ཟད། རྒྱལ་ཁབ་ཁག་གིས་དབྱི་སི་རལ་ལ་མཚོན་ཆ་མཁོ་འདོན་བྱེད་མཚམས་འཇོག་རྒྱུའི་རེ་འབོད་ཀྱང་བྱས་པ་རེད། 
     གྲོས་ཆོད་འདི་ནི་ཕ་ཁི་སི་ཐན་གྱི་ཚབ་བྱེད་མི་སྣ་ཨར་པ་ནི་ཡ་ལས་གཞན་པའི་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་དག་གིས་ཡར་ཕུལ་བ་རེད། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་47ནང་རྒྱལ་ཁབ་28ཀྱིས་མོས་མཐུན་གྱི་འདེམས་ཤོག་འཕངས་པ་དང་། རྒྱལ་ཁབ་6གིས་མོས་མཐུན་མེད་པའི་འདེམས་ཤོག་འཕངས། རྒྱལ་ཁབ་13གྱིས་འདེམས་ཤོག་འཕེན་པའི་དབང་ཆ་བསྐྱུར་བ་རེད། ཀྲུང་གོས་མོས་མཐུན་གྱི་འདེམས་ཤོག་འཕངས་ཡོད་ལ་ཨ་རི་དང་འཇར་མན་སོགས་ཀྱིས་མོས་མཐུན་མེད་པའི་འདེམས་ཤོག་འཕངས་ཡོད། 
     གྲོས་ཆོད་ནང་ནན་བཤད་བྱས་དོན། ཀཱ་ཟ་ས་ཁུལ་གྱི་མི་སེར་ལ་གནོད་འཚེ་ཉུང་དུ་གཏོང་བའི་ཐད་དབྱི་སི་རལ་གྱིས་སྒྲུབ་པ་མི་འདང་བས། ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཚང་མར་འགན་འཁྲི་བདའ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། གྲོས་ཆོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་ཚབས་ཆེན་གཏོང་བ་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལས་ཚབས་ཆེན་འགལ་བའི་འབྲེལ་ཡོད་སྙན་ཞུ་ལ་དོ་ཁུར་བྱེད་པའི་ནང་། ཕ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་མངའ་ཁོངས་སུ་ཐོན་སྲིད་པའི“དམག་འཁྲུག་གི་ཉེས་པ”དང་། “མིའི་རིགས་ལ་གནོད་འཚེ་གཏོང་བའི་ཉེས་པ”ཚུད་ཡོད་ཅེས་འཁོད་ཡོད་པ་རེད། གྲོས་ཆོད་ནང་རྒྱལ་ཁབ་ཁག་གིས“དབྱི་སི་རལ་ལ་མཚོན་ཆ་དང་། རྫས་མདེལ། དམག་དོན་སྒྲིག་ཆས་གཞན་དག་བཅས་འཚོང་བ་དང་། ནང་བཤུག གཞན་སྒྱུར་བཅས་བྱེད་མཚམས་འཇོག་པའི”རེ་འབོད་བྱས་པ་རེད། 
     གྲོས་ཆོད་ནང་ད་དུང་ཀཱ་ཟ་རྒྱུད་དུ“འཕྲལ་མར་དམག་མཚམས་འཇོག་པ”དང་། “འཕྲལ་མར་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་ཆོག་འཐུས་དང་རོགས་སྐྱོར་མཁོ་འདོན་བྱེད་དགོས”ཞེས་རེ་འབོད་བྱས་ཡོད།  
     ཚེས་5ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་55པ་སུའེ་ཙེར་གྱི་ཇེ་ནེ་ཝར་གྲོལ་བ་རེད།