འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་7ཉིན།

༄༅།།ཀྲུང་གོ་དང་ཨ་རིས་དམག་དོན་ཐད་གྲོས་མོལ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་07ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་3ཉིན་ནས་ཚེས་4ཉིན་བར། ཀྲུང་ཨ་དམག་དཔུང་གཉིས་ཀྱིས་ཨ་རིའི་ཞ་ཝེ་དབྱིར་2024ལོའི་ཀྲུང་ཨའི་མཚོ་ཐོག་དམག་དོན་བདེ་འཇགས་ཀྱི་གྲོས་མོལ་ལམ་སྲོལ་ལས་དོན་ཚོ་ཆུང་གི་ཚོགས་འདུ་འཚོགས་པ་རེད། ད་རེས་ཀྱི་ཚོགས་འདུའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། དམག་དཔུང་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་། བརྟན་པོ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། ཕྱོགས་གཉིས་པོས་འདྲ་མཉམ་དང་བརྩི་འཇོག་གི་རྨང་གཞིའི་ཐོག་ཉེ་ལམ་ཀྲུང་ཨའི་མཚོ་མཁའ་གཉིས་ཀྱི་བདེ་འཇགས་གནས་བབ་ལ་ཟོལ་མེད་དང་དགེ་མཚན་ལྡན་པའི་སྤེལ་རེས་བྱས་པ་དང་། 2021ལོའི་ཀྲུང་ཨའི་མཚོ་ཐོག་དམག་དོན་བདེ་འཇགས་ཀྱི་གྲོས་བསྡུར་ལམ་སྲོལ་གྱི་ཚོགས་འདུ་འཚོགས་ཚུན་གྱི་《ཀྲུང་ཨའི་མཚོ་མཁའ་གཉིས་པོར་འཕྲད་ངེས་ཀྱི་བདེ་འཇགས་བྱ་སྤྱོད་ཚད་གཞི་》ལག་བསྟར་བྱས་ཚུལ་ལ་དཔྱད་དཔོག་བྱས་ནས། ཀྲུང་ཨའི་མཚོ་ཐོག་དམག་དོན་བདེ་འཇགས་ཀྱི་གནད་དོན་ལེགས་སུ་གཏོང་བའི་བྱ་ཐབས་ལ་གྲོས་བསྡུར་བྱས་པ་རེད། དེའི་རིང་ཀྲུང་གོ་ཕྱོགས་ཀྱིས་དམག་གྲུ་དང་གནམ་གྲུའི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁ་བྲལ་ཐབས་མེད་པ་དང་། མཚོ་འགྲུལ་དང་འཕུར་སྐྱོད་རང་མོས་ལ་ཁ་གཡར་ནས་ཀྲུང་གོའི་བདག་དབང་དང་བདེ་འཇགས་ལ་གནོད་འཚེ་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཉེན་ཁ་དང་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་མཐའ་དག་ལ་ཀྲུང་གོའི་དམག་དཔུང་གིས་རྒོལ་ལན་སློག་རྒྱུ་དང་། རང་ངོས་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།