འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་1ཉིན།

༄༅།།ཀུའུ་ཐེ་ལེ་སིས་ཛ་དྲག་གི་འབོད་སྐུལ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་01ཉིན། 16:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་30ཉིན་ནི“རྒྱལ་སྤྱིའི་ཟོག་རོ་མེད་པའི་ཉིན་མོ”རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་བརྙན་ལམ་ནས་ཤིས་ཚིག་སྒྲོན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱ་སྤྱོད་སྤེལ་ནས་ཐུན་མོང་ཐོག་ཟོག་རོའི་ཉམས་ཉེན་ལ་ཁ་གཏད་འཇལ་དགོས་པའི་འབོད་སྐུལ་གནང་བ་རེད། 
     “ང་ཚོའི་གོ་ལ་ནི་གད་སྙིགས་ཀྱིས་བསྣུབས་བཞིན་ཡོད།” ཀུའུ་ཐེ་ལེ་སིས་ལོ་རེར་ཐོན་པའི་གྲོང་ཁྱེར་གྱི་སྲ་གཟུགས་བེད་མེད་དངོས་པོ་ཏུན་དུང་ཕྱུར་20ལས་བརྒལ་ཡོད། དེས་སའི་གོ་ལའི་གནམ་གཤིས་དང་། སྐྱེ་ཁམས་མ་ལག མིའི་རིགས་ཀྱི་བདེ་ཐང་བཅས་ལ་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་ཐོན་གྱི་ཡོད། གད་སྙིགས་དབྱེ་ཕྲལ་བྱས་པ་ཡིས་རླུང་ཁམས་ཆེན་མོའི་ནང་དུ་སའི་གོ་ལ་དྲོ་རུ་འགྲོ་བའི་དྲོད་ཁང་རླུང་གཟུགས་གཏོང་བ་མ་ཟད། ད་དུང་ཆུ་དང་ས་རྒྱུར་ཡང་སྦགས་བཙོག་བཟོ་བཞིན་ཡོད་པས་ནད་བྱུང་ནས་ཤི་རུ་འཇུག་སྲིད།  
     ཀུའུ་ཐེ་ལེ་སིས་བསྟན་དོན། “ཚད་ལས་བརྒལ་བའི་འཛད་སྤྱོད་ཀྱིས་མིའི་རིགས་ལ་གནོད་འཚེ་གཏོང་གི་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བྱེད་ཐབས་སྤྱད་ནས་གནད་དོན་དེར་ཁ་གཏད་འཇལ་དགོས”ཞེས་གསུངས་པ་རེད། ཁོང་གིས་ཁེ་ལས་རྒྱུན་མཐུད་ཐོན་སྐྱེད་ཕྱོགས་སུ་བསྒྱུར་ནས་ཐོན་རྫས་ཐོན་སྐྱེད་བྱེད་སྐབས་ཐུམ་སྒྲིལ་ཆུད་ཟོས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་མ་ཟད། ཐོན་རྫས་ཀྱི་སྤྱོད་ཡུན་རིང་དུ་གཏོང་གང་ཐུབ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཁོང་གིས་དེ་དང་ཆབས་ཅིག འཛད་སྤྱོད་པར་དངོས་ཟོག་ཉོ་སྐབས“བསམ་གཞིག་ཡང་ཡང་བྱས་ནས་ཉོ་བ”དང་། ཚུར་བསྡུའི་དངོས་ཟོག་བསྐྱར་དུ་སྤྱོད་གང་ཐུབ་བྱེད་དགོས་པའི་འབོད་སྐུལ་བཏང་།
     ཀུའུ་ཐེ་ལེ་སིས་ད་དུང་འཁོར་སྐྱོད་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་སྲིད་གཞུང་གི་བྱ་སྤྱོད་ཀྱི་གལ་ཆེའི་རང་བཞིན་ནན་བཤད་གནང་བ་རེད། ཁོང་གིས“བཅའ་ཁྲིམས་ཀྱི་གཅུན་ནུས་ལྡན་པའི་ཆིངས་ཡིག”ལ་བརྟེན་ནས། སྤོས་འགྱིག་གི་སྦགས་བཙོག་གནད་དོན་ཐག་གཅོད་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་མངོན་འགྱུར་ཡོང་བ་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད། 
     2022ལོའི་ཟླ་12ཚེས་14ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་77པའི་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། ལོ་རེའི་ཟླ་3ཚེས་30ཉིན་དེ“རྒྱལ་སྤྱིའི་བེད་མེད་ཟོག་རོ་མེད་པའི་ཉིན་མོར”གཏན་འཁེལ་བྱས་པ་རེད།