འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་7ཉིན།

༄༅།།ཨུ་ཡོན་ཝང་ཡུས་ཀྱིས་གསུངས་དོན། དབུས་ནུབ་ས་ཁུལ་དུ་གནམ་ཐང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས“གྲོང་གསེབ་དར་རྒྱས”ལ་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་07ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་བའི་ལོ་ཤས་རིང“ནུབ་རྒྱུད་ཐོན་འབྱེད་ཆེ་མོ”དང“གྲོང་གསེབ་དར་རྒྱས”སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་བསྟུན་ནས་དབུས་ནུབ་ས་ཁུལ་འཕེལ་རྒྱས་མྱུར་པོ་ཕྱིན་མོད། འོན་ཀྱང་འགྲིམ་འགྲུལ་སྟབས་བདེ་མེད་པ་ནི་དབུས་ནུབ་ས་ཁུལ་གྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། “དབུས་ནུབ་རྒྱུད་ཀྱི་ས་ཆ་མང་ཆེ་བ་རི་ཁུལ་དུ་གནས་པ་དང་རི་མཐོ་ལ་གཡང་གཟར་བས་གཞུང་ལམ་དང་ལྕགས་ལམ་སྐྲུན་པའི་དཀའ་གནད་ཆེ་བ་དང་། མ་དངུལ་གཏོང་ཤུགས་ཆེ་བ། སྐྱེལ་འདྲེན་གྱི་མ་གནས་མཐོ་བ། བདག་སྐྱོང་གི་འགྲོ་གྲོན་ཆེན་པོ་ཡོད། ཡིན་ནའང་མཁའ་འགྲུལ་སྐྱེལ་འདྲེན་གྱི་མྱུར་ཚད་མགྱོགས་ལ་ལས་ཕྱོད་ཆེ་བ་དང་རྒྱུག་ལམ་སྤྱི་ལེ་3ནས་འཛམ་གླིང་ཡོངས་ལ་ཤར་གཏོང་ཐུབ་ཀྱི་ཡོད” འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཀྲུང་གོ་དམངས་ཁྲོད་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཁྲུན་ཆིའུ་མཁའ་འགྲུལ་གྱི་ཏུང་ཧྲི་ཀྲང་བཅས་ཡིན་པའི་ཝང་ཡུས་ཀྱིས་དབུས་ནུབ་ས་ཁུལ་གྱི་གནམ་ཐང་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། དབུས་ནུབ་རྒྱུད་ཀྱི་དཔལ་འབྱོར་དང་དམངས་འཚོ་སོགས་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་སྐོང་རྒྱུའི་གྲོས་འགོ་བཏོན་གནང་ཡོད།
     ཨུ་ཡོན་ཝང་ཡུས་ཀྱིས། དབུས་ནུབ་ས་ཁུལ་དུ་གནམ་ཐང་བསྐྲུན་ཚེ་དེའི་དཔལ་འབྱོར་རང་བཞིན་མྱུར་བགྲོད་ལྕགས་ལམ་ལས་མཐོ་བ་ཡོད། མིག་སྔར། རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་སྤྱི་ལེ་གཅིག་གི་མ་གནས་དེ་ཐང་གཤོང་དུ་སྒོར་དུང་ཕྱུར་1.5ཙམ་ཡིན་པ་དང་། དབུས་ནུབ་ས་ཁུལ་དུ་འཛུགས་སྐྲུན་གྱི་དཀའ་ཚེགས་ཆེ་བ་དང་ཆ་རྐྱེན་ཞན་ལ་ས་ཁུལ་མི་ཉུང་བ་ཞིག་གི་རྫོང་ཕན་ཚུན་བར་ཐག་སྤྱི་ལེ་བརྒྱ་ལྷག་ཙམ་ཆོད་ཡོད། གྲོང་ཁྱེར་དབར་དང་ཐ་ན་རྫོང་དབར་གྱི་མྱུར་བགྲོད་ལྕགས་ལམ་གྱི་བཟོ་སྐྲུན་མ་གནས་སྒོར་དུང་ཕྱུར་བརྒྱ་ཡན་ཟིན་གྱི་ཡོད་པ་མ་ཟད། འཁོར་སྐྱོད་དང་བདག་སྐྱོང་གི་མ་གནས་ཀྱང་ཧ་ཅང་མཐོ་པོ་ཡོད། ཡན་ལག་གནམ་ཐང་ཞིག་བསྐྲུན་པར་སྤྱིར་བཏང་བྱས་ན་སྒོར་དུང་ཕྱུར་ཁ་ཤས་ཙམ་ལས་མི་དགོས་པ་དང་འཁོར་སྐྱོད་དང་སྲུང་སྐྱོང་གི་འགྲོ་གྲོན་ཡང་ཧ་ཅང་དམའ་པོ་རེད། མྱུར་བགྲོད་ལྕགས་ལམ་དང་བསྡུར་ན“འགྲོ་གྲོན་དམའ་བ་དང་། ལས་ཀ་བྱེད་མང་བ། ལས་ཕྱོད་ཆེ་བ”བཅས་ཡོད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་དེ་བས་མཐུན་པའི་ངོས་འཛིན་གནང་གི་ཡོད།
     ཨུ་ཡོན་ཝང་ཡུས་ཀྱིས། “ལོ་ལྔ་ཚན་བཅུ་བཞི་པ”དང“ལོ་ལྔ་ཚན་བཅོ་ལྔ་པར”གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་པའི་ཁྲོད་དམངས་སྤྱོད་མཁའ་འགྲུལ་འཛུགས་སྐྲུན་དང་ལྷག་པར་དུ་དབུས་ནུབ་ས་ཁུལ་གྱི་གནམ་ཐང་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཚད་ཆེ་རུ་བཏང་སྟེ། ཤར་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་ནས་དབུས་ནུབ་རྒྱུད་བར་མཁའ་ལམ་གསར་པ་བཏོད་པ་དང་། ཤར་ནུབ་རྒྱུད་ཀྱི་ཐོན་ལས་སྤོ་བསྒྱུར་བྱེད་པར་སྐུལ་འདེད་བཏང་བ། མི་སྣ་དང་། དངོས་རྫས། མ་དངུལ། ཆ་འཕྲིན་བཅས་འགྲོ་འོང་བྱེད་བདེ་རུ་ཕྱིན་པ། མཁའ་དབྱིངས་ཟམ་པ་བསྐྲུན་ནས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་དེ་བས་ལེགས་པ་ཐུབ་སྟེ“རྒྱུད་གཅིག་ལམ་གཅིག”དང“གྲོང་གསེབ་དར་རྒྱས”སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་སྔར་བས་ལེགས་པའི་ངང་ཞབས་འདེགས་ཞུས་ནས་དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱི་དཔལ་འབྱོར་དང་དམངས་འཚོ་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་གྲོས་འགོ་བཏོན་གནང་ཡོད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)