༄༅།།རི་སྔོན་ཆུ་དྭངས་སྲུང་སྐྱོང་ལེགས་པར་བྱས། གསེར་རི་དངུལ་རི་རྒྱ་སྟོབས་ཆེ་རུ་བཏང་།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 03ཚེས་04ཉིན། 13:01】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཧུང་མེ།
མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་ཁུལ་དུ་མི་ཐབས་ལ་བརྟེན་ནས་གངས་ཆར་འབེབས་པའི་ལས་དོན་རྒྱུན་མཐུད་སྤེལ་ཞིང་། ཉེ་བའི་ལོ་གསུམ་རིང་ལོ་རེའི་ཆ་སྙོམས་ཆར་ཆུ་འབེབས་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་20ལྷག་ཙམ་ཟིན་ཡོད།
ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་སུང་དབྱང་རྫོང་ཨན་མིན་ཤང་གི་ཏ་མའོ་ཤན་པེ་ཤིང་ཁྲེན་རི་བོའི་སྐར་མ་ལྟ་སའི་སྒར་སར་བསིལ་རླུང་དལ་བུར་ལྡང་ཞིང་ནམ་མཁར་སྐར་ཚོགས་ཀྱི་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད། དབྱར་དུས་ཀྱི་མཚན་མོར“གནམ་གཤིས་ཀྱི་ལྗོངས་གཟིགས་སྒང”དེའི་སྤ་སེ་རག་ཉོ་ཁག་པོ་ཡོད།
ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་ཀྲང་ཕུའུ་རྫོང་ཧྲེ་ལིའུ་གྲོང་རྡལ་དུ་ཧྥུའུ་ཅན་གྱི་ཞིང་ལས་ཐོན་རྫས་ཀྱི་གནམ་གཤིས་སྤུས་ཚད་ལེགས་པའི་བདེན་དཔང་ར་སྤྲོད་ཐོབ་པའི་ཆི་པི་ཁ་སོས་པར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེའི་རིན་གོང་ཡང་དུས་རྒྱུན་གྱི་ཆི་པི་ཁ་ལས་50%ཙམ་གྱིས་མཐོ་བ་ཡོད།
གནམ་གཤིས་ནི་སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆ་ཞིག་ཡིན་ལ། བེད་སྤྱོད་ཆོག་པའི་རང་བྱུང་ཐོན་ཁུངས་ཤིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་ཚན་རྩལ་གྱི་སྔོན་ཐོན་གྱི་བྱ་ཐབས་སྤྱད་དེ་མཛེས་སྡུག་ལྡན་པའི་རི་སྔོན་ཆུ་དྭངས་སྲུང་བ་དང་དུས་མཚུངས་གནམ་གཤིས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། སྤུས་ལེགས་ཀྱི་སྐྱེ་ཁམས་གནམ་གཤིས་ཐོན་ཁུངས་དེ་ཁྱད་ལྡན་འཕེལ་རྒྱས་ཀྱི་ལེགས་ཆར་ཧུར་ཐག་བསྒྱུར་ཏེ་ས་གནས་ཁག་གིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པར་རམ་འདེགས་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
①གནམ་གཤིས་ཚན་རྩལ་གྱིས་རི་སྔོན་ཆུ་དྭངས་བསྲུངས་བ།
སྐམ་ཤས་ཆེ་ཁུལ་དུ་གནས་པའི་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ལ་རྒྱ་ཁྱོན་མུའུ་ཁྲི་6.2ཟིན་པའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཞིག་ཡོད།
འདམ་རའི་སྤྱི་གླིང་གི་ཆུ་ནི་ཧེ་ཧོ་ཆུ་བོ་ནས་ཡོང་བ་དང་། ཧེ་ཧོ་ཆུ་བོའི་ཆུ་ནི་མདོ་ལ་རིང་མོ་ནས་འབབ་ཡོང་གི་ཡོད། གནམ་གཤིས་སྡེ་ཚན་གྱིས་མདོ་ལ་རིང་མོ་དང་གཙང་གསུམ་ཆུ་འགོར་ལོ་མང་བསྟུད་མར་མི་ཐབས་ལ་བརྟེན་ནས་གངས་ཆར་འབེབས་མང་དུ་བཏང་བ་དང་། ཧེ་ཧོ་ཆུ་བོའི་རྒྱུག་ཁུལ་དུ་ལོ་རེའི་ཆ་སྙོམས་ཆར་པ་འབེབས་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་3.2ཙམ་ཟིན་པ། གཙང་གསུམ་ཆུ་འགོའི་ཁུལ་དུ་ལོ་རེའི་ཆ་སྙོམས་ཆར་པ་འབེབས་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་20ལྷག་ཙམ་ཟིན་གྱི་ཡོད།
ད་ཆ་མདོ་ལ་རིང་མོའི་ཁུལ་དུ་སྔོ་ཁེབས་ཁྱབ་ཚད་དང་སྐམ་སའི་དབུས་ཁུལ་གྱི་ཆུ་རྒྱུན་བཞུར་ཚད་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད། མཚོ་སྔོན་པོའི་རྒྱ་ཁྱོན་ལོ་17ཙམ་རིང་ཆེ་ཤོས་སུ་སླེབས་པ་དང་། རྨ་ཆུའི་ཆུ་འགོར“མཚེའུ་སྟོང་གི་མཛེས་ལྗོངས”སླར་ཡང་མངོན་པ། གཙང་གསུམ་ཆུ་འགོའི་ཁུལ་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཁུལ་དུ་སྔོ་ཁེབས་སླར་གསོ་བྱུང་བ་དང་། མཚེའུ་ཡི་རྒྱ་ཁྱོན་ཆེ་རུ་འགྲོ་བ། ཆུ་བོ་ཆེ་རུ་ཕྱིན་པ་སོགས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བའི་རྣམ་པ་མངོན་དང་མངོན་མུས་རེད།
རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱས་ཚེ་གཞི་ནས་གསེར་རི་དངུལ་རིར་འགྱུར་ཐུབ་ལ་རྒྱུན་མཐུད་འཕེལ་རྒྱས་ཀྱང་འགྲོ་ཐུབ། ཉེ་བའི་ལོ་ཤས་རིང་། གནམ་གཤིས་སྡེ་ཚན་གྱིས་ཚན་རྩལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་ནུས་ལྡན་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རམ་འདེགས་བྱས་ཡོད།
མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་བྱེད་ཐབས་ཐོག་ནས་རི་སྔོན་ཆུ་དྭངས་སྲུང་སྐྱོང་དང་ཉམས་གསོ་བྱས་ཡོད། མིག་སྔར་རང་རྒྱལ་གྱི་སྐྱེ་ཁམས་སླར་གསོ་རྣམ་པའི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ལས་དོན་དེ་གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་བཞི་ཆ་གསུམ་དང་ཏན་ཅང་ཁའུ་ཆུ་མཛོད་སོགས་ཆུ་མཛོད་ཆེ་འབྲིང་ཕྱེད་ཀ་ཙམ་ལ་ཁྱབ་ཡོད།
སྐྱེ་ཁམས་མ་ལག་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱས་ཤིང་། གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་སྤྱད་དེ་གནམ་གཤིས་སྡེ་ཚན་གྱིས་ཉིན་གང་གི་སྐྱེ་ཁམས་མ་ལག་གིས་སྲ་ཐཱན་དབྱང་འབུད་དང་། ཆུ་རྩ་གསོ་འཁྱོངས། ས་རྒྱུ་སྲུང་འཛིན། རླུང་འགོག་བྱེ་འཇགས་སོགས་ཀྱི་ནུས་པར་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་ནས་སྐྱེ་ཁམས་གནམ་གཤིས་སྤྱི་བསྒྲགས་ཁྱབ་བསྒྲགས་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་སྲུང་སྐར་གྱི་རྒྱལ་ཡོངས་སྐྱེ་ཁམས་རྒྱང་ཚོར་གདེང་འཇོག་དམིགས་ཚད་མ་ལག་བཙུགས་ནས་ལྟ་ཞིབ་ཚད་ལེན་དང་སྔོན་དཔག་གི་དཔྱད་དཔོག་ཐོན་རྫས་མཁོ་འདོན་བྱེད་ཀྱི་ཡོད།
ལྗང་མདོག་ནུས་རྒྱུ་གསར་སྤེལ་བྱེད་པར་རམ་འདེགས་བྱས་ཤིང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི“ཀྲང་པེའི་རླུང་གློག་གིས་པེ་ཅིང་དུ་གློག་མཁོ་འདོན་བྱེད་པའི”ལྗང་མདོག་ཐཱན་ཉུང་གི་གཏམ་རྒྱུད་དེ་ནི་ས་གནས་དེ་གའི་གནམ་གཤིས་སྡེ་ཚན་གྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་འོད་ཤུགས་སྔོན་དཔག་མ་ལག་དང་སྒྲིག་སྦྱོར་བྱས་པའི་གནམ་གཤིས་ཀྱི་རྒྱུ་རྐྱེན་གཙོ་བོའི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སོགས་དང་ཁ་འབྲལ་ཐབས་མེད། ད་ཆ་གནམ་གཤིས་སྡེ་ཚན་གྱིས་བཙུགས་པའི་རླུང་ནུས་དང་ཉི་ནུས་ཀྱི་སྔོན་དཔག་དཔྱད་དཔོག་ལས་སྒོ་དེ་རྒྱལ་ཡོངས་ཀྱི་རླུང་ཤུགས་གློག་ཁང་དང་ཉི་ནུས་གློག་ཁང་ཆིག་སྟོང་ལྷག་ཙམ་ལ་ཁྱབ་པ་དང་། སྔོན་བརྡ་གནད་ལ་འཕིགས་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་འདྲ་པོ་ཡོད།
②གནམ་གཤིས་མིང་བྱང་གིས་ཞིང་པར་འབབ་འཕར་ཡོང་བར་རམ་འདེགས་བྱས་པ།
2023ལོའི་ལོ་འགོར་ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་ཀྲང་ཕུའུ་རྫོང་ཧྲེ་ལིའུ་གྲོང་རྡལ་གྱི་ཆི་པི་ཁ་སོས་པར་ཧྥུའུ་ཅན་ཞིང་ལས་ཐོན་རྫས་ཀྱི་གནམ་གཤིས་སྤུས་ཚད་ལེགས་པའི་བདེན་དཔང་ར་སྤྲོད་ཐོབ་ཡོད།
“བདེན་དཔང་ར་སྤྲོད་ཐོབ་པ་ལས་ང་ཚོའི་ཆི་པི་ཁ་སོས་པའི་སྤུས་ཀ་ལེགས་པོ་ཡོད་པ་མཚོན་གྱི་ཡོད” ཧྲེ་ལིའུ་གྲོང་རྡལ་ཞིང་ལས་དང་གྲོང་གསེབ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ལིན་ཧའེ་དབྱི་ཡིས། འཛད་སྤྱོད་པས་ཧྲི་ལིའུ་གྲོང་རྡལ་གྱི་ཆི་པི་ཁ་སོས་པ་འདེམས་སྐབས་སྒམ་ཆུང་སྟེང་གི་གནམ་གཤིས་སྤུས་ཚད་ལེགས་པའི་བདེན་དཔང་ར་སྤྲོད་ཀྱི་རྩ་གཉིས་ཨང་རྟགས་བཤེར་ཚེ་ཐོན་སྐྱེད་ཀྱི་ཁོར་ཡུག་དང་། གནམ་གཤིས་ཀྱི་ཆ་རྐྱེན། རྫས་ལུད་ཞིང་སྨན། བདེན་དཔང་ར་སྤྲོད་ཀྱི་བསྡོམས་ཚིག་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་ཅེས་བཤད།
སྤུས་ཚད་ལ་འགན་ལེན་ཡོད་པས་ཆི་པི་ཁ་སོས་པའི་ཚོང་ལམ་ཡག་པོ་ཡོད། འདེབས་འཛུགས་དུད་ཆེན་ཞུས་ཀྲི་ཕུང་གིས་འཛུམ་འཚེར་འཚེར་དུ“འདི་ལོ་གནམ་གཤིས་སྤུས་ཚད་ཀྱི་བདེན་དཔང་ར་སྤྲོད་ཐོབ་པའི་ཆི་པི་ཁ་སོས་པའི་ཉོ་སྒྲུབ་རིན་གོང་དེ་ཆི་པི་ཁ་དཀྱུས་མ་ལས་50%ཙམ་གྱིས་མཐོ་བ་ཡོད”ཅེས་བཤད།
གནམ་གཤིས་ཀྱིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད། ལོ་10ལྷག་ཙམ་གྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་གྲངས་གཞི་དང་རྩིས་རྒྱག་སྟངས་ཀྱི་དམིགས་ཚད་ཞིབ་འཇུག་བརྒྱུད། ཀྲེ་ཅང་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་ཞིབ་འཇུག་པ་རིམ་པའི་མཐོ་རིམ་བཟོ་བཀོད་ཆེ་མོ་བ་ཅིན་ཀྲི་ཕུང་ལ་བསྡོམས་ཚིག་ཅིག་བྱུང་བ་སྟེ། “འདེབས་འཛུགས་ནས་འགོ་བཙུགས་ཏེ་གནམ་གཤིས་ཀྱི་རྒྱུ་རྐྱེན་ལས་ཇ་ལོའི་སྤུས་ཀ་དང་བྲོ་བ་ཡག་ཉེས་ཐག་གཅོད་ཐུབ”དེ་དང་འདྲ་བར་ཞིང་ལས་ཐོན་རྫས་གཞན་དག་གི་སྤུས་ཀ་ཡང་གནམ་གཤིས་ཀྱི་ཆ་རྐྱེན་དང་འབྲེལ་བ་དམ་ཟབ་ཡོད།
གནམ་གཤིས་སྤུས་ཚད་ཀྱི་བདེན་དཔང་ར་སྤྲོད་ཀྱི་མིང་བྱང་དེས་ཞིང་པར་འབབ་འཕར་ཡོང་བར་རམ་འདེགས་ནུས་ལྡན་ཐུབ་ཡོད། བསྡོམས་རྩིས་བརྒྱབ་པའི་གྲངས་གཞི་ལས་མངོན་པར། ཀྲེ་ཅང་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་ཀྱི་གནམ་གཤིས་སྤུས་ཚད་ཀྱི་བདེན་དཔང་ར་སྤྲོད་ཐོབ་པའི་ཞིང་ལས་ཐོན་རྫས་ལ་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ནས་ཟུར་སྣོན་རིན་ཐང་10%འཕར་གྱི་ཡོད།
ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅིས་རྫོང་ཐན་ཧོང་ཕིང་གྲོང་རྡལ་ཐེན་ཁྲི་ཇ་ལོ་ར་བས་ཐོན་སྐྱེད་བྱས་པའི་ཨན་ཇི་ཇ་ལོ་དཀར་པོ་ནི་ཀྲེ་ཅང་གིས་གནམ་གཤིས་སྤུས་ཚད་ཀྱི་བདེན་དཔང་ར་སྤྲོད་ཐོབ་པའི་ཞིང་ལས་ཐོན་རྫས་ཐོག་མ་རེད། གནམ་གཤིས་སྤུས་ཚད་ཀྱི་བདེན་དཔང་ར་སྤྲོད་ཐོབ་པའི་ལོ་དེར་ཇ་འདེབས་ཞིང་པར་འབབ་འཕར་སྒོར་ཁྲི་20ལྷག་ཙམ་བྱུང་བ་དང་། ཀྲེ་ཅང་ཞིང་ཆེན་ཁྲང་ཤིང་རྫོང་ཙི་སུན་ཇའི་གནམ་གཤིས་སྤུས་ཚད་དེ“ལེགས་ཤོས”ལ་དཔྱད་འདེམས་བྱས་པས་ཀྲེ་ཅང་ལུའེ་ཡེ་ཤན་ཙུང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ཡོ་རོབ་མནའ་འབྲེལ་གྱི་ཡོ་སྒོར་ཁྲི་500ཟིན་པའི་ཇ་ལོའི་མངགས་ཐོ་རག་ཡོད།
ཡུལ་ཕྱོགས་གཅིག་གི་ས་ཆུ་ལས་ཡུལ་ཕྱོགས་གཅིག་གི་ཐོན་རྫས་ཐོན་པ་དང་། ཐུན་མིན་གནམ་གཤིས་ལས་ཐུན་མིན་ཐོན་རྫས་གྲུབ་ཡོད། ཚན་རྩལ་བྱ་ཐབས་དང་ལྟ་ཞིབ་ཚད་ལེན་གྱི་ཞིབ་འཇུག་བརྒྱུད་གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་དང་ས་ཆ་ཞིག་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་དབར་གྱི་འབྲེལ་བར་དབྱེ་ཞིབ་ཐུབ་ནས་གནམ་གཤིས་ལེགས་པོར་ཐོན་རྫས་ཡག་པོ་ཐོན་སྐྱེད་ཐུབ་པར་ཚན་རིག་དང་མཐུན་པའི་དཔང་རྟགས་མཁོ་འདོན་བྱས་པས། ཐོན་རྫས་ཀྱི་སྐྱེ་ཁམས་རིན་ཐང་མངོན་གསལ་དོད་དུ་ཕྱིན་པ་དང་། ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་པ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཐུབ་པ་བཅས་བྱུང་ཡོད།
2023ལོའི་ཟླ་4ཚེས་27ཉིན་ཧེ་ལུང་ཅང་ཞིང་ཆེན་གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག《ཧེ་ལུང་ཅང་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་ཀྱི་གནམ་གཤིས་སྤུས་ཚད་ཀྱི་གདེང་འཇོག་སྐུལ་འདེད་སྲོལ་ཡིག》ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ནས་ཞིང་ལས་ཐོན་རྫས་ཀྱི་གནམ་གཤིས་སྤུས་ཚད་ཀྱི་གདེང་འཇོག་དེ་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་སྔོན་ལ་བཅུག་པ་དང་ཆབས་ཅིག་2023ལོའི་ཟླ་6ཚེས་1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་ཡོད། 2019ལོ་ནས་ད་བར“ཞིང་ལས་ཐོན་རྫས་ཀྱི་གནམ་གཤིས་སྤུས་ཚད་ཀྱི་བདེན་དཔང་ར་སྤྲོད”དང“གནམ་གཤིས་ལེགས་པའི་ཐོན་རྫས”སོགས་ཧུའུ་ནན་དང་། ཧྥུའུ་ཅན། ཤིན་ཅང་། ཀུའེ་ཀྲོའུ་སོགས་ས་གནས་མང་པོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དེ་བཞིན་འབྲེལ་ཡོད་ཀྱི་སྲིད་ཇུས་ཡིག་ཆའི་ནང་བཅུག་ཡོད།
③གནམ་གཤིས་ལེགས་པོར་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ།
ཧེ་ལུང་ཅང་ཞིང་ཆེན་དབྱི་ཁྲུན་ནགས་ཁུལ་དུ་དབྱར་དུས་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་22ལས་ཟིན་གྱི་མེད་པ་དང་། དབྱང་རླུང་གྱེས་རྡུལ་གྱི་གར་ཚད་ཆ་སྙོམས་ལི་སྨི་རྒྱ་དཔངས་གྲུ་བཞི་རེར་ཁྲི་2ཟིན་གྱི་ཡོད། སྐྱིད་སྣང་དོད་པའི་གནམ་གཤིས་དང་ཡིད་དུ་འོང་བའི་སྐྱེ་ཁམས་ལས་ཡུལ་སྐོར་བ་ཚོས་མིང་དོན་མཚུངས་པའི“བྱང་ཕྱོགས་ཀྱི‘ཀྲུང་གོའི་རང་བྱུང་གསོ་རླུང་ཁང’གི་གྲོང་ཁྱེར་དང་པོ”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོ་ནས་2022ལོ་བར་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་6500ལྷག་ཙམ་དབྱི་ཁྲུན་དུ་ཡུལ་སྐོར་ལ་ཡོང་ནས་ས་གནས་དེ་གར་འབབ་འཕར་སྒོར་དུང་ཕྱུར་500ལྷག་ཙམ་བཏོད་ཡོད།
རི་བོ་སྔོ་ཞིང་ཆུ་མོ་དྭངས་པའི་ཧྥུའུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་ཅང་ལེ་རྫོང་གིས་ན་ནིང“ལྔ་གཅིག”རིང་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་15ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་1.5བྱུང་ཡོད།
ཅང་ལེ་རྫོང་ལུང་ཤིས་རི་བོའི་འདབས་སུ་གནས་པའི་དམངས་སྲོལ་གནས་ཚང་གི་འགན་འཁུར་བ་ཞུས་ཅིང་རེན་གྱིས་གསར་འགོད་པར“སྔོན་ཆད་རི་སྟེང་ནས་སྨྱུག་མ་བཅད་དེ་ནང་མི་ཚང་མའི་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། ད་ཆ་ངའི་ཁྱིམ་དུ་ལོ་ལྟར་ཡུལ་སྐོར་བ་མང་བའི་དུས་སུ་ཟླ་རེར་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཙམ་ཡོང་གི་འདུག”ཅེས་བརྗོད།
ཅང་ལེ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིན་ཅན་གྱིས། ཅང་ལེ་རྫོང་གིས་ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པས“ཀྲུང་གོའི་རང་བྱུང་གསོ་རླུང་ཁང”ལ་བདམས་ཡོད། སྐྱེ་ཁམས་བཟང་བ་དང་གནམ་གཤིས་ཡག་པོ་ཡོད་པས་མི་རྣམས་ཡུལ་སྐོར་དང་ལུས་ཁམས་གསོ་བར་ཡོང་རྒྱུའི་ཡིད་དབང་བཀུག་པ་མ་ཟད། ཁེ་ལས་འབོར་ཆེན་ཞིག་གིས་མ་རྩ་བཏང་ནས་བྱ་གཞག་དར་རྒྱས་གཏོང་བའི་ཡིད་དབང་ཡང་བཀུག་ཡོད་ཅེས་བརྗོད།
ནམ་མཁའ་གཡའ་དག་པ་དང་། ས་གཞི་རྡུལ་དག་པ། ཆུ་མོ་དྭངས་ཤིང་གཙང་བ་བཅས་ཡོད་ཅིང་། གནམ་གཤིས་ཡག་པའི་སྐྱེ་ཁམས་ཐོན་ཁུངས་ནི“ཀྲུང་གོའི་རང་བྱུང་གསོ་རླུང་ཁང”ས་ཁུལ་གྱི་ལེགས་ཆ་ཆེ་ཤོས་དེ་རེད།
2016ལོ་ནས་བཟུང་། ཀྲུང་གོ་གནམ་གཤིས་ཅུས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པ་གཉིས་ཀྱི་ལས་སྒོའི་ཚན་པ་སྒྲིག་འཛུགས་བྱས་ནས“ཀྲུང་གོའི་རང་བྱུང་གསོ་རླུང་ཁང”འཛུགས་གཏོད་ཀྱི་ལས་དོན་མཉམ་དུ་སྤེལ་ཞིང་། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་29ཡི་ས་ཁུལ་313ལ“ཀྲུང་གོའི་རང་བྱུང་གསོ་རླུང་ཁང”གི་མཚན་སྙན་ཐོབ་ཡོད། “ཀྲུང་གོའི་རང་བྱུང་གསོ་རླུང་ཁང”འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས་ས་གནས་ཁག་གིས་ཡུལ་སྐོར་དང་། ཞག་སྡོད། ཉོ་སྒྲུབ། ལུས་གསོ། ཚོགས་འགྲེམས་བཅས་ཀྱི་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 《2022ལོའི་ཀྲུང་གོའི་རང་བྱུང་གསོ་རླུང་ཁང་གི་རྒྱབ་ཤ་ལྗང་གུའི་དེབ》ནང་བཏོན་དོན། 81%གི“ཀྲུང་གོའི་རང་བྱུང་གསོ་རླུང་ཁང”ས་ཁུལ་གྱི་ཡུལ་སྐོར་ཡོང་འབབ་འཕར་བཞིན་ཡོད་པ་དང་སྐྱེ་ཁམས་རྣམ་གྲངས་ཐད་མ་དངུལ་འབོར་ཆེན་བཏང་བས་ཡུལ་སྐོར་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད།
སྔོ་ལྗང་རི་ཀླུང་མི་ཡིས་ལེགས་པར་བསྲུངས་གྱུར་ན། དེ་ཡིས་མི་ལ་དྲིན་ལན་གསོ་བར་ཐེ་ཚོམ་མེད། རི་སྔོན་ཆུ་དྭངས་ནི་རང་བྱུང་གི་རྒྱུ་ནོར་ཡིན་ལ་དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན། གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་ཐོན་ཁུངས་གསར་སྤེལ་ཧུར་ཐག་བྱས་ནས་སྐྱེ་ཁམས་ཀྱི་ཁེ་སྤོགས་ཟམ་མི་ཆད་པར་སྔོག་འདོན་བྱས་ཏེ་ས་གནས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པར་རོགས་རམ་བྱས་ནས“ལྗང་མདོག་མཛེས་ལྗོངས”དེ“གསེར་མདོག་ཅན་གྱི་རིན་ཐང”ལ་འགྱུར་གང་ཐུབ་བྱས་ཡོད།
“སླད་ཕྱིན། ང་ཚོས་གནམ་གཤིས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མུ་མཐུད་ལག་བསྟར་དོན་འཁྱོལ་དང་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་གལ་ཆེན་ལག་ལེན་བསྟར་ནས་ཚན་རྩལ་ནུས་པ་དེང་རབས་ཅན་དང་སྤྱི་ཚོགས་ཞབས་ཞུ་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད་གནམ་གཤིས་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་ཀྲུང་གོ་གནམ་གཤིས་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཁྲེན་ཀྲེན་ལིན་གྱིས་བརྗོད།
(རིག་རྡོར་དང་བསྟན་བཟང་གིས་བསྒྱུར་ཅིང་ཞུས)