འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་བརྙན་འཕྲིན་གྱི་གྲོན་དངུལ་བསྐྱར་བསྡུར་རྒྱུན་མཐུད་བཅོས་སྒྲིག་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་29ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་22ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་གྱི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2024ལོར་མཚོ་སྔོན་རླུང་འཕྲིན་དང་བརྙན་འཕྲིན་ལས་རིགས་ཀྱིས་བརྗོད་དོན་གཙོ་བོ་དང་གཙོ་རྐང་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བརྗོད་གཞི་འདེམས་པའི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་བཅས་མངོན་པ་དང་དར་སྤེལ་གཏོང་བའི་གློག་བརྙན་ཀྱི་བརྩམས་ཆོས་རྩེ་གྲ་གསར་རྩོམ་ལ་དམ་འཛིན་ཡག་པོ་རྒྱུན་མཐུད་བྱ་རྒྱུ་རེད། དེ་དང་ཆབས་ཅིག་བརྙན་འཕྲིན་གྱི་གྲོན་དངུལ་བསྐྱར་བསྡུ་དང་བཀོལ་སྤྱོད་རྙོག་འཛིང་ཆེ་བར་བཅོས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་རྒྱུན་མཐུད་བཏང་སྟེ་རོལ་རྩེད་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་བརྒྱུད་སྤེལ་གྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་རྒྱུ་རེད།
     ཞིང་ཆེན་ཡོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་ལས་རིགས་ཀྱིས་རླུང་འཕྲིན་བརྙན་འཕྲིན་སྨྱན་སྦྱོར་གྱི“འགོ་བཀོད་གསར་འགྱུར”དང་དྲ་རྒྱའི་བརྙན་ལམ་ལས་སྟེགས་ཀྱི“གཙོ་ངོས་དང་། གཙོ་ཤོག འགོ་བཀོད”བཅས་འཛུགས་སྐྱོང་གཏིང་ཟབ་ཏུ་མུ་མཐུད་གཏོང་བ་དང་། དྲ་རྒྱའི་བརྙན་ལམ་ལས་སྟེགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དྲ་ཐོག་དང་དྲ་ཕྱིར་དུས་མཉམ་དུ་སྤེལ་བ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཡག་པོ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལས་དོན་གྱི་སྤྱི་ཡོངས་ལ་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན་དང་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་རྒྱུ་རེད། རླུང་འཕྲིན་དང་བརྙན་འཕྲིན་གྱི་དམངས་ཕན་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཛུགས་སྐྲུན་དང་། དོ་དམ། བེད་སྤྱོད་བཅས་གཞི་གཅིག་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། རླུང་འཕྲིན་དང་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་རྫོང་རིམ་པའི་ཚད་ལྡན་ཅན་གྱི་ཚོད་ལྟ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ། རིག་ལྡན་རླུང་འཕྲིན་དང་བརྙན་འཕྲིན་གྱི་གྲོང་གསེབ་འདུ་འགོད་དང་མི་རིགས་སྐད་ཀྱི་གློག་བརྙན་དང་བརྙན་འཕྲིན་སྒྱུར་བཟོ་སོགས་ཀྱི་ལས་དོན་ལ་རྒྱུན་མཐུད་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་རྒྱུ་རེད། (པ་ཕན་གྱིས་བསྒྱུར། རྡོ་རྗེ་དང་པ་ཕན་གྱིས་ཞུས)