འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་26ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་1ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་སྨིར་ཅི་གཡོད་ཡེ་ཕུའུ་དང་སྐུ་ཟླ་སྨིར་ཅི་གཡོད་ཡེ་ཝ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་བཞིན་པ།
ཟླ་1ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་སྨིར་ཅི་གཡོད་ཡེ་ཕུའུ་དང་སྐུ་ཟླ་སྨིར་ཅི་གཡོད་ཡེ་ཝ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་བཏང་ནས་འགོ་འཛུགས་ས་དེ་བས་མཐོ་བའི་སྒོ་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་ཁྱབ་བསྒྲགས་གནང་བ་རེད།
    ཞི་ཅིན་ཕིང་གིས་བསྟན་དོན། ལོ་32གོང་། ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁྲོད་ཀྲུང་གོ་དང་སྔོན་ལ་ཕྱི་འབྲེལ་བཙུགས་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་ལྗོན་ཤིང་དེ་རྩ་བ་བརྟན་ཞིང་ལོ་འདབ་རྒྱས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན་ཡོད། ལྷག་པར་དུ་འདས་ཟིན་པའི་ལོ་7ལྷག་ཙམ་རིང་། ང་ཚོས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཉིན་བཞིན་ཡར་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་རྒྱུར་ཐུན་མོང་ཐོག་ཁྲིད་སྟོན་བྱས་ཡོད། དོན་སྙིང་ལྡན་ལ་གསོན་ཤུགས་ཀྱིས་ཕྱུག་པའི་ཀྲུང་ཨུའི་འབྲེལ་བ་འཛུགས་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་ཅིག་རེད། ཕྱོགས་གཉིས་པོས་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བ་གོ་སྐབས་སུ་བྱས་ཏེ། ཆུ་ཚད་མཐོ་བའི་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་ལ་བརྟེན་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པའི་རྩ་བའི་རྨང་གཞི་བརྟན་དུ་གཏོང་བ་དང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ཀྲུང་ཨུ་རང་སོ་སོའི་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨུའི་འབྲེལ་བ་ཡག་པོ་ཡོད་པ་དེ། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་བྱེད་པ་དང་ཕན་ཚུན་ཡིད་ཆེས་ཀྱི་འབྲེལ་བ་ལས་མངོན་གྱི་ཡོད། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ལ་དམིགས་ཏེ་ཕྱོགས་གཉིས་པོས་དེ་བས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ས་ཆ་ཧྲིལ་པོ་བཅས་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་རང་བདག་ངང་གདམ་ག་བྱས་པའི་འཕེལ་རྒྱས་ལམ་བུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་དབར་གྱི་ལྕགས་ལམ་རྣམ་གྲངས་སྔ་ཙམ་བསྐྲུན་ནས“འབྲེལ་མཐུད་ཀྱི་མཁྲེགས་ཆས”དང“མཉམ་མཐུད་ཀྱི་མཉེན་ཆས”ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་མཉམ་འབྲེལ་མཉམ་མཐུད་ཀྱི་ཕྱོགས་བསྡུས་དྲ་རྒྱ་བཏོད་དེ་ཨུ་ཟ་བྷེ་ཁི་སི་ཐན“སྐམ་སའི་སྒོ་བཀག་རྒྱལ་ཁབ”ནས“སྐམ་སའི་སྒོ་དབྱེའི་རྒྱལ་ཁབ”ལ་བསྒྱུར་བར་རོགས་རམ་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་མཉམ་ལས་རྒྱ་ཆེར་བཏང་ནས་འོད་ཤུགས་དང་། རླུང་གློག ཆུ་གློག་སོགས་རྣམ་གྲངས་གལ་ཆེན་ཐད་མཉམ་ལས་བྱས་ཏེ་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱི་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་རམ་འདེགས་བྱ་རྒྱུ་དང་འབྲེལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ད་དུང་དབུལ་པོ་ཉུང་གཏོང་གི་མཉམ་ལས་ཧུར་ཐག་བྱེད་པ་དང་ས་གནས་ཀྱི་མཉམ་ལས་རྒྱ་ཆེར་དང་ཟབ་ཏུ་བཏང་སྟེ་དམངས་ཕན་འདུ་འགོད་དེ་བས་མང་བ་གཏོད་དགོས། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་བཏང་ནས་ཕན་ཚུན་དབར་རིག་གནས་ཉིན་མོ་དང་སྒྱུ་རྩལ་དུས་ཆེན་མུ་མཐུད་གཉེར་བ་དང་། ཕན་ཚུན་དབར་རིག་གནས་ལྟེ་གནས་མགྱོགས་མྱུར་འཛུགས་པ། རྒྱ་ཡིག་སློབ་ཁྲིད་མཉམ་ལས་ཟབ་ཏུ་གཏོང་བ། གཞོན་ནུའི་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་གཞོན་ནུ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་རྒྱུར་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་ཁ་གྲངས་དེ་བས་མང་བ་མཁོ་འདོན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཁག་གི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཡང་དག་པའི་འཕེལ་རྒྱས་ཁ་ཕྱོགས་ཐུན་མོང་ཐོག་སྲུང་སྐྱོང་། ཀྲུང་གོ-ཨེ་ཤེ་ཡ་དབུས་མའི་ཤིས་ཨན་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ནན་ཏན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ལེགས་སུ་དང་སྟོབས་ཆེར་གཏོང་བ། གོ་ལ་ཧྲིལ་པོ་དང་ས་ཁོངས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
    སྨིར་ཅི་གཡོད་ཡེ་ཕུའུ་ཡིས། འདི་ལོ་ངས་འཚམས་འདྲི་བྱེད་ཐེངས་དང་པོ་དེ་ཀྲུང་གོ་བདམས་པར་མཚོན་བྱེད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཨུ་ཀྲུང་མི་དམངས་ལ་ལོ་ངོ་སྟོང་གི་སྲོལ་རྒྱུན་མཛའ་གཅུགས་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ནས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་མ་ཟད། ཐའེ་དབན་དང་། ཤིན་ཅང་། འགྲོ་བ་མིའི་ཐོབ་ཐང་སོགས་དང་འབྲེལ་བ་ཡོད་པའི་ཀྲུང་གོའི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཀྲུང་གོར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་འབྲེལ། ཀྲུང་གོ་ཕྱོགས་དང་མཉམ་དུ“ངན་ཤུགས་གསུམ”ལ་རྡུང་རྡེག་བཏང་སྟེ་རང་སོ་སོའི་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཡོད། ཉེ་ཆར་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་ས་གནས་ཀྱི་མཉམ་ལས་གླེང་སྟེགས་དང་། སློབ་གྲྭ་བརྒྱའི་མཉམ་ལས་གླེང་སྟེགས། ཡུལ་སྐོར་ཁྱབ་གདལ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་རིག་གནས་ཉིན་མོ། དབུལ་པོ་ཉུང་གཏོང་གི་གླེང་སྟེགས་སོགས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཞིང་། དེའི་ནང་གི་བྱེད་སྒོ་མང་ཆེ་བ་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ལོ་རྒྱུས་ཐོག་གཉེར་ཐེངས་དང་པོ་ཡིན་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་དང་དེ་བཞིན་ཨུ་ཀྲུང་གི་འབྲེལ་བར་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ར་སྤྲོད་གང་ལེགས་ཐུབ་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་མཉམ་ལས་གྲོས་འགོ་རབ་དང་རིམ་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་དོན་འཁྱོལ་བྱ་རྒྱུ་དང་འབྲེལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད། ན་ནིང་ཟླ་5པར་འཚོགས་པའི་ཤིས་ཨན་ཀྲུང་གོ—ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱིས་ས་ཁུལ་ཕན་ཚུན་འབྲེལ་མཐུད་དང་འཕེལ་རྒྱས་གྲ་རྒྱས་ལ་ཤུགས་སྣོན་རྒྱག་པར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ་ཀྲུང་གོ—ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་དྲུང་ཡིག་ཁྲུའུ་གང་མགྱོགས་འཛུགས་པ་དང་ཀྲུང་གོ—ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་རྒྱུ་མ་ཟད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུག་གཞོགས་འདེགས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན། ངས་ཨུ་ཀྲུང་འབྲེལ་བའི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
   གྲོས་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་བ་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ དཔལ་འབྱོར་ལག་རྩལ་མཉམ་ལས། ཕན་ཚུན་འབྲེལ་མཐུད། ཁོར་ཡུག་སྲུང་སྐྱོང་། ནུས་རྒྱུ་གསར་པ། ཚན་རྩལ། མི་ཆོས་རིག་གནས། ཞིང་ཞོར་ཐོན་རྫས་ཀྱི་ཞུགས་འཐུས་ཚད་གཞི། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་རབ་དང་རིམ་པར་མིང་རྟགས་བཀོད་པར་མཉམ་དུ་དཔང་པོ་གནང་བ་རེད།
    གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་སྨིར་ཅི་གཡོད་ཡེ་ཕུའུ་དང་སྐུ་ཟླ་སྨིར་ཅི་གཡོད་ཡེ་ཝ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
   གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་དང་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་སྟེགས་སུ་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་སྨིར་ཅི་གཡོད་ཡེ་ཕུའུ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་དཔུང་ཁག་བགོས་ལ་གཟིགས་པ་རེད།
    ཉིན་དེའི་དགོང་མོ། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་སྨིར་ཅི་གཡོད་ཡེ་ཕུའུ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
   ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།